༸གོང་ས་མཆོག་གིས། ལ་དྭགས་ནང་ཆོས་ལུགས་ཚང་མ་ཞི་བདེ་མཉམ་གནས་ཡོད་པ་དེ་ཡག་པོ་ཞེ་དྲགས་རེད་འདུག ཅེས་བཀའ་སྩལ་བ།
དགེ་འདུན་པ་ཚོས་འདོན་པ་བཏོན་པ་ཙམ་མིན་པར། སློབ་གཉེར་གནང་སྟེ་བདག་ཏུ་འཛིན་པའི་བདེན་འཛིན་དེ་དབུ་ཚད་བརྒྱུད་ཉུང་དུ་གཏོང་དགོས་ཞེས་བཀའ་སྩལ་སོང་།
- 2023-08-23
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༢༣ ཉིན་ལ་དྭགས་དཔེ་ཐུབ་ཨ་བི་སྤང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་དགོན་པ་ཚོགས་འདུ་གཉིས་ཟུང་འབྲེལ་གྱིས། ཐུགས་རྗེ་ཆེ་ཞུའི་དགུང་ཚིགས་ལྗགས་སྨིན་ཕུལ་བའི་སྐབས། ༸གོང་ས་མཆོག་གིས། ལ་དྭགས་ས་གནས་སུ་ཆོས་ལུགས་མི་འདྲ་བ་མང་ཡང་། ནང་ཁུལ་མཐུན་སྒྲིལ་དང་ཞི་བདེ་མཉམ་གནས་ཡོད་པ་དེ་ཡག་པོ་ཞེ་དྲགས་རེད་འདུག ཅེས་དང་། ལ་དྭགས་སུ་ནང་པའི་དགོན་པ་མང་པོ་ཡོད་དུས། དགེ་འདུན་པ་ཚོས་འདོན་པ་བཏོན་པ་ཙམ་མིན་པར། སློབ་གཉེར་གནང་སྟེ་བདག་ཏུ་འཛིན་པའི་བདེན་འཛིན་དེ་དབུ་ཚད་བརྒྱུད་ཉུང་དུ་གཏོང་དགོས་ཞེས་བཀའ་སྩལ་སོང་།
ཐེངས་འདིར་༸གོང་ས་མཆོག་ལ་དགུང་ཚིགས་ལྗགས་སྨིན་ཕུལ་བའི་མཛད་འཕྲིན་དེ་གྲུབ་པ་དང་ཆབས་ཅིག ལ་དྭགས་སུ་ད་རེས་ཀྱི་མཛད་རིམ་ཁག་རེ་ཞིག་གྲུབ་པར་བྱས་ཏེ་མགོན་པོ་གང་ཉིད་རིང་མིན་བཞུགས་སྒར་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཕྱི་ཟླ་༧ཚེས་༡༡ཉིན་ཞབས་སོར་འཁོད་པ་ནས་བཟུང་། ཆོས་ཕྱོགས་ཀྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་ཅིང་། འདི་ཚེས་༢༥ཉིན་མགོན་པོ་གང་ཉིད་མཆོག་ལ་དྭགས་ནས་རྒྱལ་ས་ལྡི་ལིར་མཁའ་ལམ་བརྒྱུད་ཆིབས་ཐོན་མཛད་རྒྱུ་ཡིན་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།