༧གོང་ས་མཆོག་ཨ་རིའི་ཀེ་ལི་ཕོར་ནེ་ཡར་ཞབས་སོར་བདེ་བར་འཁོད་པ།

༧གོང་ས་མཆོག་ཨ་རིའི་ཀེ་ལི་ཕོར་ནེ་ཡའི་Orange County་ནང་ཞབས་སོར་འཁོད་སྐབས་གྲོང་ཁྱེར་སྤྱི་ཁྱབ་སོཊ་ཀྱིས་ཕེབས་བསུ་གནང་བ།

༧གོང་ས་མཆོག་ཨ་རིའི་ཀེ་ལི་ཕོར་ནེ་ཡའི་Orange County་ནང་ཞབས་སོར་འཁོད་སྐབས། ༢༠༡༦།༦།༡༦ པ་སངས་དོན་ལྡན།/RFA

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་༦་པའི་སྤྱི་ཚེས་༡༦་ཉིན། ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནེའི་གྲོང་ཁྱེར་ཆེན་པོ་Los Anglesཡི་Orange County་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས་གྲོང་ཁྱེར་སྤྱི་ཁྱབ་སོགས་ཀྱིས་ཕེབས་བསུ་གནང་བ།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་༡༢་ཉིན་གྱི་ཕྱི་དྲོར་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་ནས་བཟུང་ཕྱི་ཚེས་༡༦་གི་སྔ་དྲོ་བར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་མཇལ་འཕྲད། དེ་བཞིན་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་པ་སོགས་མཛད་འཕྲིན་སྣ་མང་ལེགས་གྲུབ་ཟིན་ནས་ཕྱི་ཚེས་༡༦་ཉིན་གྱི་སྔ་དྲོར་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནས་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནེ་ཡའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་པ་དང་། ཕྱི་ཚེས་༡༦་ཉིན་གྲོང་ཁྱེར་Los Angles་ཡི་Orange County་ནང་ཞབས་བསོར་བདེ་བར་འཁོད་གནང་མཛད་སྐབས་གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་། ས་གནས་བོད་མི། ཕྱི་ནང་མི་རིགས་རྣམས་ཀྱིས་ལག་ཏུ་མཇལ་དར་དང་མེ་ཏོག དེ་བཞིན་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པར་ཤོག་ཅེས་སོགས་འབོད་ཚིག་འཁོད་པའི་འཕྲེད་དར་བསྣམས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་གུས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
ད་ཐེངས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་Orange County འི་Westministerཞེས་པའི་ས་གནས་ལ་གསར་བཞེངས་ཞུས་པའི་ཝེཏ་ནམ་གྱི་དགོན་པ་Dieu Ngu་དབུ་འབྱེད་རབ་གནས་བཀྲིན་ཆེ་གནང་མཛད་ཀྱི་ཡོད་པ་མ་ཟད། དད་ལྡན་མང་ཚོགས་ལ་སངས་རྒྱས་སྨན་བླའི་རྗེས་སྣང་སོགས་ཆོས་འབྲེལ་སྩལ་གནང་མཛད་འཆར་ཡོད་པ་རེད་ལ། དེ་ནས་༧གོང་ས་མཆོག་མངའ་སྡེ་ཀི་ལི་ཕོར་ནི་ཡའི་རྒྱལ་ས་Sacramentoའི་ནང་ཆིབས་བསྒྱུར་བསྐྱངས་གནང་གིས་མངའ་སྡེའི་སྤྱི་ཁྱབ་གྲགས་ཅན་Jerry Brown་མཆོག་མཇལ་འཕྲད་གནང་རྒྱུ་མ་ཟད། མངའ་སྡེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚང་འཛོམས་ཐོག་བཀའ་སློབ་སྩལ་གནང་མཛད་འཆར་ཡོད་པ་རེད།
དེ་ནས་༧གོང་ས་མཆོག་ཨ་རིའི་མངའ་སྡེ་Utah་དང་Colorado་བཅས་ནང་རིམ་བཞིན་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་མཛད་འཆར་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org