མེཀ་སི་ཀོ་རུ་གསར་འགོད་ལྷན་ཚོགས།
༸གོང་ས་མཆོག་ནས་ཕྱི་ཚེས་༡༡ཉིན་མེཀ་སི་ཀོ་རྒྱལ་ཁབ་ཀྱི་ནང་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པའི་གནས་ཚུལ།
-
2013-10-12 -
-
-
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བྱང་ཨ་མེ་རི་ཁའི་གླིང་ཕྲན་གྱི་ མེཀ་སི་ཀོ ་རྒྱལ་ཁབ་ཏུ་ཞབས་སོར་འཁོད་མ་ཐག་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཤིང་། འགྲོ་བ་མིིའི་རིན་ཐང་དང་། ཆོས་ལུགས་ཕན་ཚུན་མཐུན་བསྒྲིལ་གོང་མཐོར་གཏོང་རྒྱུ་བཅས་ལ་གང་ཉིད་ཀྱིས་དོན་གཉེར་མཛད་བཞིན་ཡོད་པའི་སྐོར་བཀའ་གནང་འདུག དེ་ཡང་དེང་སྐབས་འཛམ་གླིང་གི་ཡུལ་གྲུ་མང་དག་ཅིག་གི་ནང་འཚེ་བ་དང་དྲག་སྤྱོད་ཀྱི་ལས་ངན་འབྱུང་བཞིན་པ་དང༌། ལྷག་པར་དུ་ སི་རི་ཡའི་ནང་དྲག་འཐབ་བྱེད་བཞིན་པའི་དབང་གིས་མི་མང་ལ་དཀའ་སྡུག་འཕྲད་བཞིན་པར་ཐུགས་ཕམ་དང་བཅས་འབྱུང་འགྱུར་སྐྱེ་བོ་ཀུན་གྱིས་འཚེ་མེད་ཞི་བའི་ཐབས་ལམ་ཉམས་སུ་ལེན་ཏེ། དུས་རབས་འདི་འཚེ་མེད་ཞི་བའི་དུས་རབས་ཤིག་ཏུ་འགྱུར་ཐབས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བའི་སྐོར་བཀའ་གནང་འདུག
གསར་འགོད་ལྷན་ཚོགས་སུ་གསར་འགོད་པ་དང་གཞན་དད་ལྡན་པ་བཅས་ཁྱོན་མི་གྲངས་ཉིས་བརྒྱ་སྐོར་འདུ་འཛོམས་བྱུང་འདུག དེ་ནས་དད་ལྡན་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། འབྱུང་འགྱུར་གྱི་ཉིན་གསུམ་རིང་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བརྩལ་རྒྱུ་དང་། ཕྱི་ཚེས་༡༣་ཉིིན་ཆོས་ལུགས་དང་རྒལ་བའི་འཛམ་གླིང་ཀུན་ཁྱབ་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ། དེ་བཞིན་ཕྱི་ཚེས་༡༥་ཉིན་བྱམས་སྙིང་རྗེའི་སྐོར་དང་ཕྱི་ཚེས་༡༦་ཉིན་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བསྩལ་གནང་རྒྱུའི་མཛད་འཆར་འདུག་དེ་རྗེས་སླར་ཡང་ཨ་རིའི་གྲོང་ཁྱེར་ ནིའུ་ཡོག་ཏུ་ཆིབས་བསྒྱུར་གནང་སྟེ། ཕྱི་ཟླ་༡༠་པའི་ཚེས་༡༨་དང་༢༠་བཅས་ཉིན་གཉིས་རིང་ཤེས་རབ་སྙིང་པོའི་གསུང་ཆོས་བརྩལ་རྒྱུ་བཅས་ཀྱི་མཛད་འཆར་འདུག།