༧གོང་ས་མཆོག་གིས་ལྡི་ལི་ནས་རྒྱུན་གཏན་གྱི་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་རྒྱུ་རེད།

༧གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་མཛད་འཕྲིན་ཁག་ལེགས་གྲུབ་གྱིས་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་གནང་འདུག

༧གོང་ས་མཆོག་རྡོ་རྗེ་གདན་དུ། ༢༠༡༨།༡།༢༥ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བསྐྱངས་བའི་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་པའི་རྗེས་འདི་ཚེས་༢༨་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།
དེ་ཡང་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གཞིགས་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱུན་གཏན་ལྟར་སྨན་ཁང་དུ་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་རྒྱུའི་ཆེད་དུ་ཕེབས་ཡོད་པ་གསལ་སྟོན་གནང་འདུག ཕྱི་ཚེས་ ༢༨ སྔ་དྲོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མ་བསྐྱང་གོང་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་མོའི་མཆོད་རྟེན་དུ་གནས་གཟིགས་མཛད་པར་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་པ་རེད།
དེ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྷ་ཡ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་གནང་ཡོད་པ་རེད།
གོང་དུ་ཞུས་པ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་༧སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་གྲུབ་པའི་རྗེས་བཞུགས་སྒར་རྡ་རམ་ས་ལར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་རེད།
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་དྲ་རྒྱའི་ཐོག་ནས་མཛད་རིམ་ཤེས་རྟོགས་བྱུང་བར་ལྟར་ན། ཕྱི་ཟླ་གསུམ་པའི་ཚེས་༢་ནས་འགོ་འཛུགས་ཀྱིས་ཉིན་ཤས་ཤིག་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org