༧གོང་ས་མཆོག་ཨ་རིའི་མངའ་སྡེ་ཀོ་ལོ་ར་ཊོར་ཞབས་སོར་འཁོད་པ།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་མི་རི་ཀའི་ཡུ་ཊ་མངའ་སྡེ་ནས་ཀོ་ལོ་ར་ཊོའི་གྲོང་ཁྱེར་བྷོ་ཊར་རུ་ཕེབས་ནས་མཛད་འཆར་སྐྱོང་བཞིན་པ།

༧གོང་ས་མཆོག་གིས་ཨ་མི་རི་ཀའི་ཡུ་ཊ་མངའ་སྡེའི་Salt Lake་གྲོང་ཁྱེར་ནང་གི་བོད་མི་ཚོར་བཀའ་སློབ་གནང་བཞིན་པ། ༢༠༡༦།༦།༢༢ Thom Gourley

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་ཡུ་ཊ་མངའ་སྡེའི་Salt Lake་གྲོང་ཁྱེར་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས། ཕྱི་ཟླ་༦་ཚེས་༢༢་ཉིན་མངའ་སྡེ་ཀོ་ལོ་ར་ཊོའི་གྲོང་ཁྱེར་བྷོ་ཊར་རུ་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
དེ་རིང་ཕྱི་ཚེས་༢༣་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་Coors་ཚོགས་ཁང་ཆེན་མོའི་ནང་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་ཞིང་། མཛད་འཆར་འདི་ནི་ཀོ་ལོ་ར་ཊོ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།
ཕྱི་ཚེས་༢༣་ཉིན་རྒྱབ་བྷོ་ཊར་ལ་རྟེན་གཞི་བྱེད་པའི་ཀོ་ལོ་ར་ཊོ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་སྒྲིག་འཛུགས་དང་མཐོ་རིམ་སློབ་གཉེར་ཁང་དེའི་རིག་གཞུང་དུས་སྟོན་འགན་འཛིན་ལྷན་ཚོགས་ཐོུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། Coors ཚོགས་ཁང་ཆེན་མོ་དེའི་ནང་། བསམ་བློ་དང་སེམས་ཁམས་ཀྱི་ཤེས་ཡོན་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།
ཨ་མི་རི་ཀའི་ཀོ་ལོ་ར་ཊོ་མངའ་སྡེ་འདིའི་ནང་། ཨ་མི་རི་ཀའི་ནང་གི་ནང་པའི་མཐོ་རིམ་སློབ་གྲྭ་ཐོག་མ་ན་རཱོ་པ་ཆགས་ཡུལ་དེ་ཡིན་ལ། ནང་པ་མང་ཤོས་ཡོད་མཁན་གྱི་ཨ་མི་རི་ཀའི་མངའ་སྡེ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༦་ཚེས་༡༢་ཉིན། ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཞབས་སོར་འཁོད་གནང་གིས། རྒྱལ་ས་ཝ་ཤིང་ཊོན་དུ་ཨ་མི་རི་ཀའི་སྲིད་འཛིན་དབུས་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་སོགས་པ་གནད་ཡོད་མི་སྣ་མཇལ་འཕྲད་དང་། མང་ཚོགས་ལ་བཀའ་སློབ། ཞི་བདེའི་ལྟེ་གནས་ཁང་ལ་སོགས་པ་ལྟེ་གནས་ཁང་ཁག་གི་ནང་བགྲོ་གླེང་ཚོགས་འདུ། ཆོས་འབྲེལ་གསུང་ཆོས་དང་། ཀེལི་ཕྷོར་ནི་ཡའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་བཀའ་སློབ། སོལཊ་ལེཀ་གྲོང་ཁྱེར་གྱི་ནང་མང་ཚོགས་ལ་བཀའ་སློབ་དང་མངའ་སྡེའི་སྲིད་སྐྱོང་ལ་སོགས་པ་གནད་ཡོད་མི་སྣ་མཇལ་འཕྲད་གནང་པ་སོགས་ཀྱི་མཛད་འཆར་དུ་མ་ཞིག་བསྐྱངས་གནང་མཛད་ཡོད་པ་རེད།

གསར་འགོད་འབེན་པ་སྟོབས་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org