བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་བར་བསམ་བློའི་གནས་ཚད་དང་རིན་ཐང་ལ་ཐུག་ཡོད། ༸གོང་ས་མཆོག་གིས།
༧གོང་ས་མཆོག་གིས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཞིག་ཡོང་བར་ཆ་རྐྱེན་གལ་ཆེ་ཤོས་ཞིག་ནི་སྤྱི་ཚོགས་དེའི་ནང་གནས་སྡོད་བྱེད་མཁན་ཚོའི་བསམ་བློའི་གནས་ཚད་དང་རིན་ཐང་བཅས་ལ་ཐུག་ཡོད་ཅེས་བཀའ་གནང་བ།
- 2021-05-06
-
-
-
Your browser doesn’t support HTML5 audio
ཨ་མི་རི་ཀར་རྟེན་གཞི་བྱས་པའི་སེམས་དང་སྲོག་ལྟེ་གནས་ཁང་དང་རྨོངས་གཉིད་ལས་སད་པའི་དྲ་བའི་ཚོགས་པ་གཉིས་ཟུང་འབྲེལ་གྱིས་སྤྱི་ཟླ་༥་པའི་ཚེས་༢་ཉིན་འགོ་བཙུགས་གནང་བའི་སེམས་ཚོར་གྱི་ནུས་པ་དང་ཤེས་པ། སེམས་ཁམས་ཚན་རིག་བགྲོ་གླེང་གི་ཉིན་མཐའ་མའི་བརྗོད་གཞི་སྟེ། ཉིན་ལྟར་སེམས་ཚོར་ལ་སྦྱོང་བརྡར་སྤྲོད་ཞེས་པ་དེ་ཡིན་ཞིང་། ཉིན་འདིར་ལྟེ་གནས་ཁང་དེ་ཉིད་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཀླད་ཁམས་དབང་རྩའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་Richard Davidsonལགས། དེ་བཞིན་སེམས་ཁམས་རིག་པ་བ་གྲགས་ཅན་སྐུ་ཞབས་Daniel Goleman ལགས་བཅས་གསུམ་གྱི་དབར་སེམས་ཁམས་བདེ་ཐང་དང་དོན་དམ་གྱི་བདེ་སྐྱིད་ཡོང་བར་གཞི་རྩའི་ཆ་རྐྱེན་ག་རེད་ཡིན་མིན་སོགས་ཀྱི་ཐད་བཀའ་བསྡུར་དང་བགྲོ་གླེང་གནང་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་། སེམས་ཁམས་རིག་པ་བ་གྲགས་ཅན་སྐུ་ཞབས་ Daniel Goleman ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། འགྲོ་བ་མིའི་སེམས་ཚོར་དེ་ཉོན་མོངས་འམ་ Destructive emotion ཆགས་དགོས་པའི་རྒྱུ་རྐྱེན་སྐོར་བཀའ་འདྲི་དགོངས་སྐོར་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འགྲོ་བ་མི་ཙམ་མ་ཟད།སྲོག་ཆགས་དུད་འགྲོ་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས། དེར་རྒྱུ་མཚན་འདུག་གམ་མི་འདུག་བརྟག་བྱེད་དགོས་རྒྱུ་གང་ཡང་མེད། དེ་ནི་ཡོངས་གྲགས་ཡིན། གནས་སྟངས་ཤིག་གི་འོག་རང་ཉིད་ལ་སྡུག་བསྔལ་དང་མི་འདོད་པའི་ཚོར་བ་བྱུང་བ་དེ་གནོད་པའི་རིགས་ཅན་ཉོན་མོངས་ལ་ངོས་འཛིན་བྱེད་ཆོག དེ་ཡང་ཞི་བདེ་དང་མཐུན་ལམ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་པར་ང་ཚོའི་བཟང་ཕྱོགས་ཀྱི་བསམ་བློ་དེ་དག་ལ་རག་ལས་ཡོད། དེར་བརྟེན། ང་ཚོའི་ཤེས་ཡོན་ལྟེ་གནས་ཁག་གི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་བའི་སློབ་ཁྲིད་གནང་དགོས་གལ་ཆེ་ཞིང་། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཞིག་ཡོང་བར་ཆ་རྐྱེན་གལ་ཆེ་ཤོས་ཞིག་ནི་སྤྱི་ཚོགས་དེའི་ནང་གནས་སྡོད་བྱེད་མཁན་ཚོའི་བསམ་བློའི་གནས་ཚད་དང་རིན་ཐང་བཅས་ལ་ཐུག་ཡོད། དེར་བརྟེན། ང་ཚོའི་བཟང་པོའི་ཡོན་ཏན་དེ་དག་ངེས་པར་དུ་ཕྲུག་གུ་ཆུང་དུས་ནས་སློབ་ཁྲིད་གནང་དགོས་གལ་ཆེ་ཞེས་བཀའ་སློབ་ལན་གནང་ཡོད་པ་རེད།
ཡང་སྐབས་དེར་ཀླད་ཁམས་དབང་རྩའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་Richard Davidsonལགས་ཀྱིས། ༢༠༠༠ལོར་བཞུགས་སྒར་རྡ་རམ་ས་ལར་སེམས་དང་སྲོག་གི་བགྲོ་གླེང་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ང་ཚོའི་བར་མཇལ་འཕྲད་བྱུང་བ་ནས་བཟུང་ད་བར་མི་ལོ་༢༠ ལྷག་འགྲོ་གི་ཡོད་པ་དང་། འདས་པའི་ལོ་ངོ་དེ་དག་ཁྲོད་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་ཁྱེད་ཉིད་ལྷན་དུ་སེམས་ཁམས་དང་སེམས་ཚོར་སོགས་དང་འབྲེལ་བའི་བགྲོ་གླེང་རིམ་པར་གནང་བའི་རྗེས་འབྲས་སུ་ད་སྐབས་སེམས་ཚོར་དང་སེམས་ཁམས་ཚན་རིག་ཐོག་ལ་ཞིབ་འཇུག་བརྒྱ་ཕྲག་མང་པོ་གནང་ཡོད་ཅེས་གོང་ས་མཆོག་ལ་སྙན་སེང་ཞུས་བ་དང་སྦྲགས། རང་ཉིད་ལ་དོན་དམ་གྱི་བདེ་སྐྱིད་ཡོང་བར་ཆ་རྐྱེན་ལྟེ་བ་དེ་གང་ཡིན་པ་བཀའ་འདྲི་དགོངས་སྐོར་ཞུ་སྐབས། ༧གོང་ས་མཆོག་གིས། བདེ་སྐྱིད་ནི་སེམས་ཚོར་དང་འབྲེལ་བ་ཤུགས་ཆེ་ཡོད་ལ། དེ་ནི་སེམས་ཚོར་གྱི་ཆ་ཤས་ཤིག་ཀྱང་ཡིན། ཁོར་ཡུག་དང་ཕྱིའི་དངོས་པོ་སོགས་བརྒྱུད་ནས་ང་ཚོའི་སེམས་ཚོར་ལ་ཤུགས་རྐྱེན་སྤྲོད་མཁན་དུ་མ་ཞིག་ཡོད། འོན་ཀྱང་གཙོ་བ་དེ་སོ་སོའི་བསམ་བློ་འཁྱེར་སྟངས་ལ་རག་ལས་ཡོད། བསམ་བློ་དེ་ཞི་བདེ་ངང་གནས་ཐུབ་པ་ཡིན་ན། ཉེ་འཁོར་དུ་སྐུ་ངལ་ག་རེ་འཕྲད་པ་ཡིན་ཡང་རང་ཉིད་ལ་སུན་སྣང་ཡོང་གི་མ་རེད། སྙིང་རྗེ་དང་གཞན་ཕན་གྱི་བློ་དེ་དག་ནི་བཟང་ཕྱོགས་ཀྱི་སེམས་ཚོར་(Positive Emotion) རེད། བཟང་པོའི་བློ་དེ་དག་ང་ཚོས་མུ་མཐའ་མེད་པའི་སྒོ་ནས་ཉམས་ལེན་བྱེད་ཐུབ་ཅེས་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྟེང་གི་རྙོག་དྲག་མང་པོ་ཞིག་རང་གཅེས་འཛིན་གྱི་བློ་དེ་ཆེ་དྲགས་པའི་རྐྱེན་གྱི་ཡོང་གི་ཡོད་པར་བརྟེན། སྤྱི་ཚོགས་ནང་དུ་ཞི་བདེ་ལྷིང་འཇགས་དང་བདེ་སྐྱིད་ཡོང་བར་གཙོ་བོར་གཞན་གཅེས་པར་འཛིན་རྒྱུ་དེ་ཡིན་ཞིང་། དེ་ལྟར་ཡོང་བར་ཐབས་ཤེས་གཉིས་ཡོད་པའི་སྐོར་བཀའ་གནང་འདུག
གཞན་ཡང་འདི་ཚེས་༥ ཉིན་སེམས་ཚོར་གྱི་ནུས་པ་དང་ཤེས་པ། སེམས་ཁམས་ཚན་རིག་བགྲོ་གླེང་དེ་བཞིན་དངོས་སུ་མཇུག་སྒྲིལ་གནང་ཡོད་པ་དང་། ཉིན་བཞིའི་བགྲོ་གླེང་གི་བརྗོད་གཞི་ཁག་སྟེ། སོ་སོའི་སེམས་ཚོར་ཡོངས་སུ་ཤེས་རྟོགས་དགོས་པའི་སྐོར་དང་། སེམས་ཚོར་ལ་རྣམ་དཔྱོད་ལྡན་པའི་ངང་སྟངས་འཛིན་དགོས་པ། སེམས་ཚོར་བདེ་ཐང་ཡོང་བར་རང་ཉིད་ནས་ནུས་པ་སྐྱེད་སྲིང་བྱེད་རྒྱུ། ཉིན་ལྟར་སེམས་ཚོར་ལ་སྦྱོང་བརྡར་སྤྲོད་ཞེས་པ་སོགས་ཡིན་འདུག།