ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་༧གོང་ས་མཆོག་མཇལ་མོལ།

ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་(Aleksey Orlov)མཆོག་བཞུགས་སྒར་དུ་ཕེབས་ནས་༧གོང་ས་མཆོག་དང་མཇལ་མོལ་གནང་འདུག

ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་༧གོང་ས་མཆོག་མཇལ་མོལ་སྐབས། ༢༠༡༨།༡༡།༣༠ OHHDL

ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་(Aleksey Orlov)མཆོག་བཞུགས་སྒར་དུ་ཕེབས་ནས་༧གོང་ས་མཆོག་དང་མཇལ་མོལ་གནང་འདུག
དེ་ཡང་འདི་ཚེས་༣༠་ཉིན་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་(Aleksey Orlov)མཆོག་བཞུགས་སྒར་རྡ་རམ་སཱ་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་མ་འོངས་པར་ཨུ་རུ་སུའི་ནང་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལས་འགུལ་འགོ་བཙུགས་ཏེ་སློབ་གྲྭ་ཁག་གི་ནང་དུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་ངོ་སྤྲོད་གནང་ཐུབ་པ་ཡིན་ན་ཡག་པོ་འདུག་ཅེས་བཀའ་སློབ་སྩལ་ཡོད་ལུགས་ལྷན་བཅར་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་གིས་གསུངས་བྱུང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་སོག་པོའི་དབར་ཡུན་རིང་ལོ་རྒྱུས་ཀྱི་འབྲེལ་བ་ནི་ཐུན་མོང་མ་ཡིན་པ་ཞིག་དང་གཏིང་ཟབ་པོ་ཡོད་པའི་སྐོར་དང་། ལྷག་པར་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་སྩལ་ཡོད་འདུག
ཡང་ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ནི་ཁལ་མུཀ་མི་མང་གི་ལོ་གསར་སྲུང་བརྩི་ཞུ་སྲོལ་ཡོད་སྟབས་ཐེངས་འདིར་ལོ་གསར་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་(Aleksey Orlov)མཆོག་བརྒྱུད་ཁལ་མུཀ་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད་སྐོར་བཀའ་སྩལ་གནང་འདུག
ཡང་གནས་ཚུལ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་ ༢༩ ཉིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་བཞུགས་སྒར་རྡ་སར་ཕེབས་ཏེ་གནས་ཆུང་སྐུ་རྟེན་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་།  སྲིད་འཛིན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གནང་སྟེ།  སྐབས་དེར་སྲིད་འཛིན་མཆོག་གིས་ཨུ་རུ་སུའི་ནང་ཡོད་པའི་ནང་པ་དང་། ལྷག་པར་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་རྣམས་ཀྱིས་མ་འོངས་པར་ཡང་བོད་དོན་ཐོག་སེམས་འཚབ་དང་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་འཛིན་མཆོག་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org