༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད།

ལྷོ་ཀོ་རི་ཡའི་གཞུང་འཛིན་དམངས་གཙོ་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཡང་བསྐྱར་རྒྱལ་ཁ་ཐོབ་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འདྲི་མཛད་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་(Moon Jae-in)་མཆོག AFP

ལྷོ་ཀོ་རི་ཡའི་གཞུང་འཛིན་དམངས་གཙོ་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཡང་བསྐྱར་རྒྱལ་ཁ་ཐོབ་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འདྲི་མཛད་འདུག
ལྷོ་ཀོ་རི་ཡའི་སྲིད་འཛིན་(Moon Jae-in)་ལ་ཡུལ་དེའི་འོས་བསྡུའི་ཁྲོད་ཡང་བསྐྱར་རྒྱལ་ཁ་ཐོབ་པར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་འདི་ཚེས་༡༦་ཉིན་འཚམས་འཕྲིན་སྩལ་ཡོད་པ་དང་། འཚམས་འཕྲིན་ནང་། བཀུར་འོས་(Moon Jae-in)་ལགས་ཀྱིས་དབུ་ཁྲིད་པའི་ཆབ་སྲིད་ཚོགས་པར་ཉེ་དུས་ཡུལ་དེའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་འདེམས་ཁྲོད། རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་མཉམ། ཁྱེད་ཀྱིས་ཀོ་རི་ཡའི་ཕྱེད་གླིང་དུ་ཞི་བདེ་འབྱུང་ཐབས་སུ་ཐུགས་འཁུར་ཆེ་བཞེས་གནང་བར་བསྔགས་བརྗོད་ཞུ་འདོད་བྱུང་ཞེས་དང་། ཀོ་རི་ཡ་མི་དམངས་ཀྱིས་ཁྱེད་ལ་བཅིངས་པའི་རེ་འདོད་ཇི་བཞིན་ཁྱེད་ཀྱིས་མུ་མཐུད་ནས་ཞི་བདེའི་ལམ་ལ་བསྙེག་པར་ངོས་ལ་གདེང་སྤོབས་ཡོད་ཅེས་བཀའ་གནང་འདུག
དེ་བཞིན་ཡང་༧གོང་ས་མཆོག་གིས། ཉེ་བའི་ཟླ་ཤས་རིང་འཛམ་གླིང་ཁྱོན་ཡོངས་ཀྱིས་ཏོག་དབྱིབས་ནད་ཡམས་ལ་སྔ་ན་མ་གྲགས་པའི་གདོང་ལེན་གནང་དགོས་པའི་ཛ་དྲག་གི་གནས་སྟངས་དེ་འདྲའི་སྐབས་སུ། ཁྱེད་ཀྱི་དབུ་ཁྲིད་འོག་ཀོ་རི་ཡའི་ནང་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཐད་དབུ་ཁྲིད་ཀྱི་ནུས་པ་བཏོན་ནས་གཞན་ལ་དཔེ་མཚོན་བསྟན་ཡོད་པས་གོ་སྐབས་འདི་བརྒྱུད་ནས་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་ཞེས་བཀའ་སྩལ་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org