༧གོང་ས་མཆོག་དང་ཨ་རིའི་འགྲེམ་སྟོན་ཆེད་ལས་པ་མཇལ་མོལ།
༧གོང་ས་མཆོག་གིས་ཨ་མི་རི་ཀ་ནས་ཕེབས་པའི་འགྲེམ་སྟོན་ཆེད་ལས་པ་ཁག་ཅིག་དང་མཇལ་མོལ་གནང་འདུག
-
2018-10-29 -
-
-
༧གོང་ས་མཆོག་གིས་ཨ་མི་རི་ཀ་ནས་ཕེབས་པའི་འགྲེམ་སྟོན་ཆེད་ལས་པ་ཁག་ཅིག་དང་མཇལ་མོལ་གནང་འདུག
དེ་ཡང་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ནམ་རྒྱུན་འཛམ་གླིང་འདིར་ཆོས་ལུགས་ཁས་མི་ལེན་མཁན་མང་པོ་ཅིག་ཡོད་པས། མི་སྤྱི་ལ་ཁྱབ་པ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གལ་ཆེན་ཡིན་སྐོར་བཀའ་གནང་གི་ཡོད་པར་བརྟེན། ད་ལན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲེམ་སྟོན་ཁང་གཉིས་མཉམ་རུབ་ཀྱི་ཐོག ཨ་མི་རི་ཀའི་ནང་འགྲེམ་སྟོན་དང་འབྲེལ་བའི་ཆེད་ལས་པ་༢༩བཞུགས་སྒར་དུ་ཆེད་ཕེབས་ཀྱིས། སྤྱི་ཟླ་༡༠པའི་ཚེས་༢༩ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁ་བཀའ་སློབ་དང་། བཞུགས་སྒར་གྱི་ཝ་ཁོན་ཏྲི་གསོལ་མགྲོན་ཁང་དུ། འགྲེམས་སྟོན་ཁང་བརྒྱུད་བཟང་སྤྱོད་དང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་ཚོགས་འདུ་ཅིག་གནང་ཡོད་པ་དང་། ཁོང་ཚོ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ཆོས་དང་མ་འབྲེལ་བའི་ཤེས་ཡོན་གྱི་ལམ་སྲོལ་བརྒྱུད་མིའི་སེམས་ལ་བསྒྱུར་བཅོས་གནང་ཐབས་ཡོད་སྐོར་སོགས་བཀའ་གནང་སྐབས། ༧གོང་ས་མཆོག་གིས། ན་ལེན་དྲའི་ཆོས་བརྒྱུད་ཀྱི་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དེ། ཧ་ཅང་གིས་བེད་སྤྱོད་དང་ཕན་ཐོགས་ཆེན་པོ་རེད། གནད་འགག་ཐུག་ས་གཙོ་བོ་ནི་ཆོས་དང་མ་འབྲེལ་བའི་ཤེས་ཡོན་ལམ་སྲོལ་བརྒྱུད། འགྲོ་བ་མིའི་སེམས་ལ་འགྱུར་བཅོས་གཏོང་ཐབས་ཡོད་པ་མ་གཏོགས། ཆོས་ལུགས་ཀྱི་ལམ་སྲོལ་ཐོག་ནས་འགྲོ་རྒྱུ་མ་རེད་ཅེས་བཀའ་ཕེབས་ཡོད།
གོ་སྒྲིག་པ་ཇོན་ཁོལ་ཁེན་ལགས་ཀྱིས། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་བྱམས་བརྩེའི་སྐོར། འགྲེམ་སྟོན་ཁང་བརྒྱུད་མི་མང་གིས་གསལ་རྟོགས་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡོད་པ་ངོ་སྤྲོད་གནང་གི་འདུག
ལྷན་ཚོགས་འདིའི་དམིགས་ཡུལ་ནི་བྱང་ཨ་མི་རི་ཀའི་ནང་གི་འཆར་སྣང་དང་ཉམས་མྱོང་ལྡན་པ། འགྲེམ་སྟོན་དང་འབྲེལ་ཡོད་མི་ཁག་ཅིག་མཉམ་འདུས་ཀྱིས། བྱམས་བརྩེ་དང་ཆོས་ལ་མ་འབྲེལ་བའི་བཟང་སྤྱོད་བཅས་མི་མང་གིས་ཤེས་ཐབས་སུ། འཛམ་གླིང་གང་སའི་འགྲེམ་སྟོན་ཁང་རྣམས་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཅིག་ཏུ་འབད་བརྩོན་གནང་རྒྱུ་ཡིན་པ་ངོ་སྤྲོད་གནང་སོང་། ཨ་མི་རི་ཁའི་འགྲེམ་སྟོན་དང་འབྲེལ་བའི་ཆེད་ལས་པ་ཚོས་༧གོང་ས་མཆོག་ལ་མཇལ་ཁ་དང་། གངས་སྐྱིད་དུ་ཉིན་གཅིག་རིང་ལྷན་ཚོགས་གནང་རྒྱུ། བཀའ་ཤག་གིས་གསོལ་སྟོན་གཟིགས་མོ་སོགས་ཀྱང་གནང་གི་ཡོད་འདུག
གསར་འགོད་པ་བློ་བྷེ།