ནང་པའི་བཀའ་བསྟན་ལ་གཞོན་སྐྱེས་ཚོས་དོ་སྣང་བྱེད་དགོས། ༧གོང་ས་མཆོག་གིས།
ཡུལ་ལུང་གཞན་ལ་མེད་པའི་ནང་པའི་བཀའ་བསྟན་བཅོས་ལ་གཞོན་སྐྱེས་ཚོས་དོ་སྣང་བྱེད་དགོས་བ་༧གོང་ས་མཆོག་གིས་བཀའ་གནང་འདུག
-
2018-08-29 -
-
-
Your browser doesn’t support HTML5 audio
ཡུལ་ལུང་གཞན་ལ་མེད་པའི་ནང་པའི་བཀའ་བསྟན་བཅོས་ལ་གཞོན་སྐྱེས་ཚོས་དོ་སྣང་བྱེད་དགོས་བ་༧གོང་ས་མཆོག་གིས་བཀའ་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་ས་རྭ་རིག་ལམ་སློབ་གཉེར་ཁང་གི་མཐོ་སློབ་ཏུ་འཚོགས་པའི་སྐབས་དང་པོའི་ནང་པའི་ཚན་རིག་དང་། ལྟ་གྲུབ་འཛིན་གྲྭའི་དགེ་སློབ་རྣམས་ལ་མཇལ་ཁ་དང་ལྷན་བཀའ་སློབ་ཕེབས་དོན། འཛམ་གླིང་ནང་དུ་མི་གྲངས་དུང་ཕྱུར་ ༧༠ ཡོད་པའི་ནང་ནས་དུང་ཕྱུར་ ༡༠ ཡིས་ཆོས་ཁས་ལེན་བྱེད་ཀྱི་མེད་པ་དང་། ཁོང་ཚོ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཀྱི་ཆ་ནས། འགྲོ་བ་མི་ཚང་མར་ཁྱབ་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་དར་སྤེལ་གང་ཐུབ་བྱུང་ན་ཕན་ནུས་ལྡན་པ་ཞིག་ཡོང་གི་རེད་ཅེས་དང་། བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་བཅོས་ཀྱི་ནང་དོན་རྣམས་དེང་དུས་འཕྲུལ་རིགས་ཆེས་ཡར་ཐོན་དུ་གྱུར་བའི་འཛམ་གླིང་ནང་དུ། ཚན་རིག་གིས་སྤྱི་ཚོགས་ལ་ཕར་ཞབས་འདེགས་སྒྲུབ་ཐུབ་པའི་ནུས་པ་ཞིག་ཡོད་པ་ར་འཕྲོད་བྱུང་ཡོང་གི་ཡོད་པས། དེ་འདྲའི་ཁྱད་ནོར་ལྡན་པའི་རང་མི་རིགས་ཀྱི་སྐད་དང་། ཡི་གེ དེ་ལ་བརྟེན་པའི་ནང་པའི་ཡུལ་ལུང་གཞན་ལ་མེད་པའི་ནང་པའི་བཀའ་བསྟན་བཅོས་ཆ་ཚང་བ་ཡོད་པ་རྣམས་ལ་བོད་པའི་གཞོན་སྐྱེས་ཚོས་དོ་སྣང་དང་ཁུར་ལེན་བྱ་དགོས་པ་བཀའ་གནང་འདུག
ད་དུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བབ་བོད་ཕྲུག་སློབ་མ་གཞོན་སྐྱེས་ཚོར་དམིགས་གནང་སྟེ། མགོན་པོ་གང་ཉིད་ད་ཆ་དགུང་གྲངས་ ༨༣ ལ་ཕེབས་ཀྱང་ཕྱག་དཔེ་མུ་མཐུད་གཟིགས་གནང་གི་ཡོད་ཅེས་དཔེ་མཚོན་དུ་བཀའ་གནང་སྟེ། གཞོན་སྐྱེས་ཚོས་སློབ་སྦྱོང་ལ་སྦྱང་བརྩོན་བྱ་དགོས་པའི་ལམ་སྟོན་ཕེབས་ཡོད་པ་རེད།
མཛད་འཆར་གཞིར་བཟུང་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་བ་རྗེས་མའི་ནང་སུད་སི་གཙོས་པའི་ཡོ་རོབ་ཡུལ་གྲུ་ཁག་ཅིག་གི་ནང་དུ་ཆིབས་སྒྱུར་གནང་རྒྱུ་ཡིན་འདུག
གསར་འགོད་པ་བཀྲིས་དབང་ཕྱུག