རྒྱལ་སྤྱིའི་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག
རང་གི་སེམས་ཞི་བདེ་བག་ཕེབས་ངང་གནས་པར་གཞན་ཕན་གྱི་བློ་ནི་ཧ་ཅང་གལ་ཆེ་བ་༧གོང་ས་མཆོག་གིས་རྒྱ་གར་ནང་རྩེད་འགྲན་ཆེད་ཕེབས་པའི་རྒྱལ་སྤྱིའི་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་ཁག་ཅིག་ལ་མཇལ་ཁའི་སྐབས་བཀའ་བསྩལ་འདུག
- 2023-05-16
-
-
-
Your browser doesn’t support HTML5 audio
རྒྱལ་སྤྱིའི་ཁྲོད་དར་ཁྱབ་ཆེ་བའི་རྒྱ་གར་གྱི་དབྱུག་རྩེད་སྤོ་ལོ་(Cricket)་འགྲན་བསྡུར་རམ་(Indian Premier League)་ཁྲོད་རུ་ཁག་བཅུ་ཡོད་པ་ལས། ཕྱི་ཟླ་༥ཚེས་༡༧ཉིན་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་དབྱུག་རྩེད་སྤོ་ལོ་རྩེད་ཐང་དུ་(Kings XI Punjab)་འམ་པན་ཇབ་རུ་ཁག་དང་(Delhi Capital)་འམ་ལྡི་ལི་རུ་ཁག་གཉིས་བར་རྩེད་འགྲན་གནང་རྒྱུ་ཡིན་འདུག་ཅིང་། ཚེས་༡༦ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གོང་ཞུས་རུ་ཁག་གཉིས་ཀྱི་རྩེད་འགྲན་པ་ཁག་ཅིག་དང་རུ་ཁག་གཉིས་ཀྱི་ལས་བྱེད་བཅས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད། མཇལ་ཁའི་སྐབས་༧གོང་ས་མཆོག་ལ་རྩེད་མོའི་འགྲན་རྩོད་སྐབས་ནང་བསམ་བློ་སྟངས་འཛིན་གང་འདྲ་གནང་དགོས་པའི་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ངོས་རང་ཆུང་དུས་བྱིས་པའི་རྩེད་མོ་རིགས་མ་གཏོགས། ཁྱེད་རྣམས་ཀྱིས་ད་ལྟ་རྩེད་བཞིན་པའི་ཆེད་ལས་ཀྱི་རྩེད་མོ་རིགས་དེ་འདྲ་རྩེད་མྱོང་མེད་ཅེས་དང་། ནང་བསམ་བློར་སྟངས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་སྐོར་གླེང་པའི་སྐབས། ནང་པའི་གཞུང་ལུགས་ནང་དཔྱད་སྒོམ་གྱི་ལམ་ནས་དངོས་ཡོད་གནས་སྟངས་རྒྱུས་ལོན་གནང་རྒྱུ་དེ་རེད། ངོས་ཀྱི་ལོ་ངོ་བཅུ་ཕྲག་འགའ་ཞིག་དེ་ལྟར་ཉམས་ལེན་བྱས་པ་དེས་ཏན་ཏན་ཕན་ཐོགས་འདུག ཇི་ཙམ་གྱིས་སེམས་ལ་སྦྱོང་བརྡར་སྤྲད་པ་དེས་བས་རིག་པ་སྒྲིམ་ཐུབ། རང་གི་སེམས་ཞི་བདེ་བག་ཕེབས་ངང་གནས་པར་གཞན་ཕན་གྱི་བློ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད། ངོས་ཀྱི་ཉིན་ལྟར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་པའི་རྗེས་འབྲས་སུ། དངོས་པོ་ཐམས་ཅད་གཅིག་ལ་གཅིག་རྟེན་ཡིན་པ་ཤེས་ཐུབ། དེར་བརྟེན། རྒྱུན་དུ་གནས་ཚུལ་བཟང་ངན་ག་རེ་ཐོས་པ་ཡིན་ནའང་། དེས་གློ་བུར་དུ་སོ་སོའི་སེམས་དཀྲུག་ཡ་ལ་སོགས་པའི་གནས་ཚུལ་རིགས་ཡོང་རྒྱུ་ཁག་པོ་རེད་ཅེས་བཀའ་ཕེབས་འདུག
མཇལ་ཁའི་རྗེས་ལྡི་ལིའི་རུ་ཁག་གི་རྩེད་འགྲན་པ་ཕྷིལ་སོལ་ཊ་ལགས་ཀྱིས་གསར་འགོད་པ་ཚོར། དེ་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་བྱུང་བས་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་། འདི་ནི་ངའི་མི་ཚེའི་ནང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད། དེ་རིང་༧གོང་ས་མཆོག་གིས་བཀའ་སློབ་སྩལ་བ་ཡོངས་རྫོགས་ངས་དུས་ཚོད་ཐུང་ངུ་ཞིག་གི་ནང་བརྗོད་མི་ཐུབ་ཀྱང་། གནད་དོན་འདྲ་མིན་ཐོག་གོ་བསྡུར་བྱུང་བའི་ཁྲོད། དུས་རྒྱུན་དུ་རྩེད་མོའི་རིགས་ལ་རོལ་བའི་སྐབས། ནང་སེམས་ཀྱི་ཞི་བདེ་དེ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་སྩལ་སོང་།
དེ་སྔོན་ཕྱི་ལོ་༢༠༡༧ཟླ་བ་༣པའི་ནང་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་དང་ཨོསི་ཊརེ་ལི་ཡ་(Australia)་བར་དབྱུག་རྩེད་སྤོ་ལོ་རྩེད་འགྲན་སྐབས། ཨོསི་ཊརེ་ལི་ཡའི་རྩེད་འགྲན་པ་རྣམས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། དེའི་རུ་ཁག་ཁོངས་སུ་ཡོད་པ་དང་ད་ལྟའི་ཆར་ལྡི་ལིའི་རུ་ཁག་ནང་མཉམ་བཞུགས་གནང་བཞིན་པ་དབྱུག་རྩེད་པ་མཱིཆ་མརཤ་ལགས་ཀྱིས། དེ་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་བྱུང་བ་ནི་བརྗོད་པར་དཀའ་བའི་ཉིན་མོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ནི་རླབས་ཆེན་གྱི་གང་ཟག་ཞིག་རེད། དེ་རིང་༧གོང་ས་མཆོག་གིས་ཞི་བདེ་གལ་ཆེན་ཡིན་པའི་སྐོར་དང་། དེ་བཞིན་སྒོམ་གྱི་ཕན་ནུས་ཀྱི་སྐོར་བཀའ་སློབ་སྩལ་སོང་ཞེས་ཚོར་སྣང་གསུངས་བྱུང་།
གཞན་ཡང་ལྷོ་ཨ་ཧྥི་རི་ཀ་ནས་ཡིན་པ་ད་ལྟའི་ཆར་པན་ཇབ་རུ་ཁག་ནང་ཡོད་པ་ཀ་གྷི་སོ་ར་སྦ་སྡ་དང་དབྱིན་ཡུལ་ནས་ཡིན་པ་ད་ལྟའི་ཆར་པན་ཇབ་རུ་ཁག་ནང་ཡོད་པ་སེམ་ཀ་རན་ལགས་གཉིས་ཀྱིས་ཐེངས་འདིའི་མཇལ་ཁ་ཡག་པོ་བྱུང་ཞེས་གསུངས་བྱུང་།
དབྱིན་ཡུལ་ནས་ཡིན་པ་དང་ད་ལྟ་པན་ཇབ་རུ་ཁག་ནང་ཡོད་པ་སེམ་ཀ་རན་ལགས་ནི། ཐེངས་འདིའི་རྒྱ་གར་དབྱུག་རྩེད་འགྲན་བསྡུར་ཁྲོད་རིན་གོང་ཆེ་ཤོས་ཀྱི་རྩེད་འགྲན་པ་ཡིན་འདུག་ཅིང་། ཁོང་ལ་རིན་བསྡུར་ཚོང་བསྒྱུར་སྐབས་ཧིན་སྒོར་དུང་ཕྱུར་༡༨དང་ས་ཡ་༥ཡི་གོང་ཚད་སྟེང་པན་ཇབ་རུ་ཁག་ནས་ཉོས་ཡོད་པ་རེད་འདུག
རྒྱལ་སྤྱིའི་ཁྲོད་དར་ཁྱབ་ཆེ་བའི་རྒྱ་གར་གྱི་དབྱུག་རྩེད་སྤོ་ལོའི་འགྲན་བསྡུར་དེ་ནི་ཕྱི་ལོ་ ༢༠༠༨ལོ་ནས་འགོ་འཛུགས་ཀྱིས་ད་བར་རྩེད་འགྲན་ཐེངས་༡༦བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༡་ཟླ་བ་༥པའི་ནང་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་དབྱུག་རྩེད་སྤོ་ལོ་ཐང་དུ་པན་ཇབ་རུ་ཁག་དང་(Chennai Super Kings)་འམ་ཅེ་ན་ཡི་རུ་ཁག་གཉིས་བར་རྩེད་འགྲན་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་མཛད་ཡོད་ཅིང་། ཕྱིས་སུ་ཕྱི་ལོ་༢༠༡༤ཟླ་བ་༡༠པའི་ནང་རྒྱ་གར་དང་ཝེས་ཊ་ཨིན་ཌེས་དབྱུག་རྩེད་རུག་ཁག་གཉིས་བར་འགྲན་བསྡུར་སྐབས་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་ཆིབས་སྒྱུར་མཛད་ཡོད་པ་རེད།
གཞན་ཡང་དེ་སྔོན་ཕྱི་ལོ་༢༠༡༨ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཁྲོད་སྐད་གྲགས་ཆེ་བའི་རྒྱ་གར་གྱི་དབྱུག་རྩེད་རྩེད་འགྲན་པ་(Sachin Tendulkar)་ལགས་སུ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།