འགྲོ་བ་མིའི་རྣམ་དཔྱོད་ལ་ནུས་པ་དམིགས་བསལ་ཡོད་ཡིན་ཡང་གཡོ་སྒྱུའི་ལས་རྩ་བ་ནས་བྱེད་མི་རུང་། ༧གོང་ས་མཆོག་གིས།
རྒྱ་གར་གྱི་གནའ་བོའི་རིག་གཞུང་གིས་ནང་སེམས་ཞི་བདེ་ཡོང་བར་ཕན་ཐོགས་ཡོད་པ་སེམས་ཅན་དུད་འགྲོ་ཡི་རྣམ་ཤེས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུའི་ཚོགས་བཅར་བ་ཁག་ཅིག་ལ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
- 2023-05-01
-
-
-
Your browser doesn’t support HTML5 audio
སྤྱི་ཟླ་༥པའི་ཚེས་༡ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སེམས་ཅན་དུད་འགྲོ་ཡི་རྣམ་ཤེས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་(Animal Consciousness Conference)་ཡི་ཚོགས་བཅར་བ་ཚོར་མཇལ་ཁ་དང་དམིགས་བསལ་བཀའ་སློབ་སྩལ་སྐབས། ༧གོང་ས་མཆོག་གིས། རྣམ་ཤེས་(Consciousness)་ཟེར་བའི་ཚིག་དེ་ནི་ང་ཚོའི་བོད་མི་ལྟ་བུར་མཚོན་ན། རྒྱུན་ལྡན་བཀོལ་སྤྱོད་བྱེད་བཞིན་པའི་སྤྱིར་བཏང་གི་བརྗོད་པ་ཞིག་ཡིན། འོན་ཀྱང་། དེང་གི་ཚན་རིག་དང་དངོས་པོ་ཡར་རྒྱས་གཙོ་བོར་དམིགས་པའི་སྤྱི་ཚོགས་ནང་རྣམ་ཤེས་སྐོར་ནི་ཧ་ལམ་གསར་པ་ལྟ་བུ་ཡིན། དཔལ་ནཱ་ལེན་དྲའི་མཁས་པ་མང་པོ་ཞིག་གིས་རྣམ་ཤེས་ཀྱི་སྐོར་ལྗགས་རྩོམ་མཛད་ཡོད། ངོས་ལྟ་བུར་མཚོན་ན། སྔ་དྲོ་འཆར་ཅན་ལ། སེམས་ཞི་བདེ་གནས་ཐབས་འབད་ཀྱི་ཡོད་པ་དེས། ཏན་ཏན་ལུས་ཀྱི་འཕྲོད་བསྟེན་ལ་ཡང་ཕན་ཐོག་འདུག དེར་བརྟེན། དེས་ང་ཚོའི་སེམས་ཁམས་དང་ལུས་པོ་གཉིས་ནི་དམིགས་བསལ་གྱི་འབྲེལ་བ་ཡོད་པ་མཚོན་ཐུབ་ཅེས་བཀའ་གནང་འདུག
ཐེངས་འདིར་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་འདི་ནི། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་ཆགས་པའི་མོ་སི་ཀོ་གཙུག་ལག་སློབ་ཆེན་དང་། རུ་སུ་སྐུ་ཚབ་དོན་གཅོད་ཁང་། ཨུ་རུ་སུར་རྟེན་གཞི་བྱས་པའི་བོད་སྐྱོབས་ཚོགས་པ་བཅས་གསུམ་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གིས་མཐུན་འགྱུར་གནང་བ་ཞིག་ཡིན་ཞིང་། ཚོགས་འདུ་འདིའི་སྟེང་ཨ་རི་དང་། དབྱིན་ཡུལ། ཁེ་ཎ་ཌ། ཧྥ་རན་སི། ཇར་མན་ནི། ཉི་ཧོང་། ཨོསི་ཊརེ་ལི་ཡ། དེ་བཞིན་སི་པན་སོགས་རྒྱལ་ཁབ་མི་འདྲ་བ་བཅོ་ལྔ་ལྷག་གི་ཚན་རིག་པ་དང་། ཉམས་ཞིབ་པ། མཁས་པ་སོགས་མི་གྲངས་༤༠ལྷག་མཉམ་ཞུགས་གནང་འདུག
ཁོང་རྣམ་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་དུ་བཀའ་སློབ་སྩལ་བའི་སྐབས། སེམས་ཁམས་དང་འབྲེལ་བའི་ཚོགས་འདུ་འདིའི་རིགས་ནི་དེང་གི་སྤྱི་ཚོགས་ནང་ཧ་ཅང་དགོས་མཁོ་ཆེ་བ་དང་ཕན་ཐོགས་ཆེན་པོ་ཡོད་ལ། ལྷག་པར་དུ་དེང་གི་ཚན་རིག་པས་འགྲེལ་བརྗོད་བྱས་པའི་ཀླད་པའི་དབང་རྩ་དང་འབྲེལ་བའི་ཤེས་བྱ་དེ་དག་ང་ཚོར་ཕན་ཐོགས་ཡོད། ད་དུང་དེ་ལས་གཏིང་ཟབ་པ་ཞིག་ནི། རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་ཡོད་པའི་ཤེས་པའི་སྐོར་གྱི་ལུང་དེ་དག་ཡིན། རྒྱ་གར་གྱི་གནའ་བོའི་རིག་གཞུང་གིས་ནང་སེམས་ཞི་བདེ་ཡོང་བར་ཕན་ཐོགས་ཡོད་ཅེས་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
མཐའ་མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཚོགས་བཅར་བ་ཁག་ཅིག་གི་དྲི་བར་བཀའ་ལན་གནང་བའི་སྐབས། ཤེས་པ་ལ་རིགས་འདྲ་མིན་མང་པོ་ཡོད་པ་དང་། འགྲོ་བ་མིའི་རྣམ་དཔྱོད་ལ་ནུས་པ་དམིགས་བསལ་ཅན་ཞིག་ཡོད་པ་མ་ཟད། རང་བློ་རང་ལ་ལྐོག་ཏུ་མི་གྱུར་བ་ཞིག་ཡིན་པས། གཡོ་སྒྱུའི་ལས་རྩ་བ་ནས་བྱེད་མི་རུང་ཞེས་བཀའ་སློབ་ལམ་སྟོན་ཕེབས་འདུག
མཇལ་ཁའི་རྗེས་མོ་སི་ཀོ་(Moscow)་རྟེན་གཞི་བྱས་པའི་ཀླད་པའི་དབང་རྩ་དང་འབྲེལ་བའི་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་སྐུ་ཞབས་(Konstantin Anokhin)་ལགས་ཀྱིས་གསར་འགོད་པ་ཚོར་གསུངས་དོན། ད་རེས་སེམས་ཅན་དུད་འགྲོ་ཡི་རྣམ་ཤེས་དང་འབྲེལ་བའི་ཚོགས་འདུ་དེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་མཛད་པ་བཞིན་བསྐོ་ཚོགས་གནང་བ་ཞིག་ཡིན་པ་མ་ཟད། དེང་གི་ཚན་རིག་པ་ཚོས་ཀྱང་། ཤེས་པ་ནི་འགྲོ་བ་མི་གཅིག་པུར་འབྲེལ་བ་ཙམ་མིན་པར། རང་བྱུང་ཁོར་ཡུག་དང་ཡང་འབྲེལ་བ་ཡོད་པ་གསལ་སྟོན་བྱས་ཡོད། དེ་ཡང་སེམས་ཚོར་དང་། དཀའ་སྡུག་ནི་མི་ཙམ་མིན་པར་སེམས་ཅན་དུད་འགྲོ་མང་པོ་ཞིག་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་དང་སྡུག་བསྔུལ་ཚོར་བའི་ནུས་པ་ཡོད་པས། ད་རེས་ཚོགས་འདུ་དེ་བརྒྱུད་ནས་ང་ཚོ་མི་དང་སེམས་ཅན་གཞན་ཚོའི་བར་གཞི་རྩའི་ཤེས་པ་ཐོག་ནས་དེ་ཙམ་གྱི་ཁྱད་པར་མེད་པ་གསལ་སྟོན་བྱེད་རྒྱུ་དེ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཨ་མི་རི་ཀར་གནས་སྡོད་ཀླད་པའི་དབང་རྩའི་ཚན་རིག་པ་ལྕམ་(Alison Hanson)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་མཇལ་བ་ད་རེས་ཐེངས་དང་པོ་ཡིན་པས། ཧ་ཅང་གི་ཚོར་བ་སྐྱིད་པོ་བྱུང་ལ། ཞེ་དྲགས་ཀྱི་དགོད་བྲོ་བོ་བྱུང་། མཇལ་ཁའི་སྐབས། ༧གོང་ས་མཆོག་གིས། རྩི་ཤིང་ལ་རྣམ་པར་ཤེས་པ་མེད་པའི་སྐོར་བཀའ་གནང་སོང་། ཡིན་ནའང་། ད་ལྟའི་ཆར་ངས་དེ་ཁས་ལེན་ཞུ་ཐུབ་ཐབས་མི་འདུག དེར་བརྟེན། ནང་ཆོས་ཀྱིས་གནད་དོན་དེར་འགྲེལ་བཤད་ཇི་ལྟར་རྒྱག་གི་ཡོད་པའི་སྐོར་ལྟ་ཞིབ་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་རུ་སུ་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། ཐེངས་འདིའི་ཚོགས་འདུའི་ཞོར་དུ་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་མཁས་པ་དེ་དག་གིས་བཙན་བྱོལ་བོད་མིའི་གནས་སྟངས་རྒྱུན་ལོན་ཡག་པོ་གནང་ཐུབ་པའི་རེ་བ་དང་། མ་འོངས་པར་འདི་ལྟ་བུའི་ཚོགས་འདུ་ཞིག་བོད་མིའི་གཞི་ཆགས་ཁག་ཅིག་ནང་ཚོགས་ཐུབ་པ་འབོད་རྩོད་ཞུ་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ལྷག་རིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེང་གི་ནུབ་ཕྱོགས་པའི་ཚན་རིག་པ་དང་ནང་པའི་མཁས་པ་ཚོའི་དབར་སེམས་ཁམས་དང་ཀླད་པའི་དབང་རྩ། དེ་བཞིན་སེམས་ཞི་བདེ་གནས་ཐབས་སོགས་བརྗོད་གཞི་མང་དག་ཅིག་གི་ཐོག་བགྲོ་གླེང་གནང་ཡོད་ཅིང་། ཐེངས་འདིའི་བགྲོ་གླེང་ནི་དེ་སྔོན་༢༠༡༧ལོར་༧གོང་ས་མཆོག་དབུ་བཞུགས་ཐོག་ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་པའི་བར་བགྲོ་གླེང་ཐེངས་དང་པོ་དེ་བསྐོང་ཚོགས་གནང་བའི་རྗེས་འབྲས་སུ། ད་རེས་ཚོགས་འདུ་དེ་བསྐོང་ཚོགས་གནང་བ་ཞིག་ཡིན་འདུག་པ་དང་། ཚོགས་འདུ་དེ་ཟླ་བ་འདི་ཚེས་༡ནས་༥བར་ཚོགས་བཞིན་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།