ང་ཚོ་ནི་གོ་ལ་གཅིག་ཏུ་འཚོ་བའི་སྤུན་མཆེད་ཕོ་མོ་ཡིན་པས་ཆོས་ཕྱོགས་ནས་རྩོད་རྙོག་ཡོང་དགོས་དོན་མེད། ༧གོང་ས་མཆོག་གིས།

འགྲོ་བ་མི་ཚང་མ་གོ་ལ་གཅིག་ཏུ་འཚོ་བའི་སྤུན་མཆེད་ཕོ་མོ་ཡིན་པར་བརྟེན་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་བར་རྩོད་རྙོག་ཡོང་དགོས་དོན་མེད་ཅེས་༧གོང་ས་མཆོག་གིས་ཁ་ཆེ་དང་ནང་པའི་རྗེས་འཇུག་མཁས་པ་ཁག་ཅིག་ལ་བཀའ་བསྩལ་འདུག

༧གོང་ས་མཆོག་གིས་ཁ་ཆེ་དང་ནང་པའི་རྗེས་འཇུག་མཁས་པ་ཁག་ཅིག་ལ་མཇལ་མོལ་སྐབས། ༠༣།༢༠།༢༠༢༣ OHHDL

བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། སྤྱི་ཟླ་༣པའི་ཚེས་༢༠ཉིན་ཡོ་རོབ་དང་ཨ་མི་རི་ཀ མཱ་ལེ་ཤེ་ཡ་སོགས་ནས་ཆེད་བཅར་གནང་བའི་ཁ་ཆེའི་ཆོས་ལུགས་ལ་མཁས་པ་ཁག་ཅིག་ལ་མཇལ་མོལ་དང་། གཞན་ཡང་ནང་པའི་རྗེས་འཇུག་པ་ཁག་ཅིག་ལའང་མཇལ་ཁ་བཀའ་སློབ་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་འགྲོ་བ་མི་ཚང་མ་གོ་ལ་གཅིག་ཏུ་འཚོ་བའི་སྤུན་མཆེད་ཕོ་མོ་ཡིན་པར་བརྟེན། ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་བར་རྩོད་རྙོག་ཡོང་དགོས་མེད་པ་བཀའ་གནང་སྐབས། ༧གོང་ས་མཆོག་གིས་ཁོང་གི་སྐུ་ཚེ་འདིའི་ཐུགས་བསྐྱེད་དམ་བཅའ་གཅིག་ནི་ཆོས་ལུགས་ཚང་མ་འཆམ་མཐུན་ཡོང་རྒྱུ་དེ་ཡིན་པ་དང་། ལྟ་གྲུབ་ཀྱི་ཆ་ནས་ཆོས་ལུགས་མི་འདྲ་བ་ཁག་བཤད་མི་དགོས་པར། སངས་རྒྱས་ཀྱི་ཆོས་ནང་ཁོངས་སུ་གྲུབ་མཐའ་མི་འདྲ་མང་པོ་ཡོད་ནའང་། ཆོས་ལུགས་ཚང་མས་བྱམས་བརྩེའི་བསླབ་བྱ་གཙོར་འདོན་གནང་ཡོད་ཅིང་། ངོས་ཀྱི་མི་ཚེ་འདི་བོད་ཀྱི་གནས་སྟངས་དེ་ཧ་ཅང་དཀའ་ཉེན་ཅན་གྱི་སྐབས་སུ་བྱུང་ཡོད་མོད། ད་ལྟ་བོད་ཀྱི་རིག་གཞུང་བོད་ནང་དུ་རྒྱུན་འཛིན་གནང་ཐུབ་ཡོད་པ་མ་ཟད། དམིགས་བསལ་རྒྱ་ནག་ཏུའང་དེ་ལ་དོ་སྣང་རྒྱ་ཁྱབ་ཏུ་འཕེལ་བཞིན་པར་ཏཱ་ལའི་བླ་མས་གང་འཚམས་ཕན་ཐོགས་བྱུང་ཡོད་པའི་ཐོག ནུབ་ཕྱོགས་ཀྱི་གྲོགས་པོ་མང་པོས་ཀྱང་ངོས་ཀྱི་བསམ་བློ་ལ་དོ་གལ་ཆེན་པོ་གནང་ཡོད་པས། ངོས་ནས་ནམ་རྒྱུན་འགྲོ་བ་མིའི་རིགས་ཞེས་བཤད་ཀྱི་ཡོད་མ་གཏོགས། ང་ཚོ་ནང་པ་གཅིག་པུའི་སྐོར་ནམ་ཡང་བཤད་བསྡད་ཀྱི་མེད། འགྲོ་བ་མི་ཚང་མ་གཅིག་པ་དང་སྤུན་མཆེད་ཕོ་མོ་ཡིན་པའི་ཁར། གཟུགས་པོའི་གྲུབ་ཚུལ་གྱི་ཆ་ནས་ཀྱང་ང་ཚོ་ཚང་མ་གོ་ལ་འདིར་འཚོ་བའི་སྤུན་མཆེད་ཕོ་མོ་ཡིན་པར་བརྟེན། ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་བར་རྩོད་རྙོག་ཡོང་དགོས་དོན་མེད་ཅེས་བཀའ་སྩལ་ཡོད།
གཞན་ཡང་༧གོང་ས་མཆོག་གིས། ཆོས་ལུགས་ཀུན་གྱི་སྙིང་པོ་འབབ་ས་གཅིག་པ་ཡིན་པས་ཆོས་ཁས་བླངས་ན་ཡག་པོ་རེད་ལ། ཆོས་ཁས་མི་ལེན་ནའང་ང་ཚོ་འགྲོ་བ་མི་གཅིག་གྱུར་དང་ང་ཚོ་མཉམ་དུ་གནས་དགོས་པ་རེད། ང་ཚོའི་ཁ་ཆེའི་སྤུན་མཆེད་ཕོ་མོ་རྣམས་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། སྔ་མོ་བོད་ཀྱི་དགེ་འདུན་པ་བགྲེས་སོང་ཁ་ཤས་ཁ་ཆེའི་ཚོང་ཁང་དུ་ཕྱིན་ཏེ་རྒྱ་གར་དུ་ག་རེ་འབྱུང་བཞིན་པའི་གནས་ཚུལ་གསན་གྱི་ཡོད་པ་དང་། བོད་གཞུང་གི་གཞུང་འབྲེལ་མཛད་སྒོ་ཅི་ཡོད་ལ་ཁ་ཆེའི་སྐུ་ཚབ་ཚོ་མགྲོན་འབོད་གནང་སྟེ་ང་ཚོར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་མ་ཟད། བོད་གཞུང་གིས་ཁ་ཆེ་ཚོ་ལ་གུས་བརྩི་ངོས་འཛིན་གནང་གི་ཡོད་པར་བརྟེན། དེ་རིང་ཁ་ཆེའི་སྤུན་ཟླ་ཚོར་ཐུག་པར་ཧ་ཅང་དགའ་ཚོར་བྱུང་ཞེས་བཀའ་སློབ་གནང་འདུག


མཱ་ལེ་ཤེ་ཡ་ནང་གི་ཁ་ཆེའི་གཞོན་སྐྱེས་ལས་འགུལ་ཚོགས་པའི་ཚོགས་གཙོ་(Abdul Aziz)་ལགས་ནས། ང་ཚོས་གནད་དོན་མང་པོའི་ཐོག་༧གོང་ས་མཆོག་དང་གོ་བསྡུར་ཧ་ཅང་ལྷུག་པོ་བྱུང་། གཙོ་ཆེ་བ་ནང་པ་དང་ཁ་ཆེའི་ཆོས་ལུགས་མཉམ་རུབ་ཀྱི་ཐོག་ནས་ཞི་བདེ་སྤེལ་ཐབས་དང་། གཉིས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོག་ཆོས་ཀྱིས་ཕན་ཐོགས་སྒྲུབ་ཐབས་སྐོར། གསུམ་ནས་ཡུ་གུར་བ་ཚོར་དྲག་གནོན་སེལ་ཐབས་ཀྱི་ཐད་གོ་བསྡུར་བཀའ་མོལ་བྱུང་བ་འགྲེལ་བརྗོད་གནང་བྱུང་ལ། མཱ་ལེ་ཤེ་ཡ་ནང་གི་ནང་པའི་གསང་སྔགས་ལྷན་ཚོགས་ཀྱི་ཚོགས་གཙོ་(Chew Eng Ghee)་ལགས་ནས་ཀྱང་། ༧གོང་ས་མཆོག་གིས་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་། སེམས་པ་བཟང་པོ་བྱེད་དགོས་པའི་ལམ་སྟོན་དེ་ཧ་ཅང་སེམས་ལ་ཟུག་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
ད་རེས་མཇལ་ཁ་འདི་ནི་གཙོ་ཆེ་ཤོས་མཱ་ལེ་ཤེ་ཡ་ནང་གི་བོད་བརྒྱུད་ནང་པའི་ཆོས་ཚོགས་དང་འཕགས་པ་གནས་བརྟན་པའི་ཆོས་ཚོགས། གསང་སྔགས་ཀྱི་ཆོས་ཚོགས་དང་ཁ་ཆེའི་ཆོས་ཚོགས་བཅས་མཉམ་རུབ་གནང་སྟེ། ཁ་ཆེ་དང་ནང་ཆོས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་ཐོགས་དང་ཞི་བདེ་གོང་སྤེལ་གྱི་ལྷན་ཚོགས་ཤིག་གནང་གྲུབ་པའི་ནང་དོན་དེབ་ཞིག་དཔར་སྐྲུན་གནང་བ། ༧གོང་ས་མཆོག་ལ་ཆེད་འབུལ་ཞུ་བ་སོགས་ཀྱི་ཆེད་བཅར་གནང་བ་ཡིན་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org