བོད་གཞིས་བྱེས་གཞུང་དམངས་ལྷ་མི་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བཞུགས་རྒྱུའི་ཞལ་བཞེས་གནང་སོང་།
- 2023-03-15
-
-
-
Your browser doesn’t support HTML5 audio
སྤྱི་ཟླ་༣པའི་ཚེས་༡༥རེས་གཟའ་ལྷག་པའི་ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་དུ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།
སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་འདིར་བོད་རྒྱ་ཆེ་མི་མང་གི་ཚབ་མི་མང་ཚོ་དང་། དེ་བཞིན་གནས་ཆུང་ཆོས་སྐྱོང་དང་མཁའ་འགྲོ་ཚོས་མཚོན་པའི་གཟུགས་མེད་ཀྱི་ལྷ་ཚོས་ཀྱང་རེ་འདུན་ཆེན་པོ་བྱེད་བཞིན་བརྟན་བཞུགས་འབུལ་གྱི་ཡོད་པ་རེད། ངོས་ཀྱི་གཟུགས་པོ་བདེ་ཐག་ཆོད་ཡོད། ད་དུང་མུ་མཐུད་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་། ཧི་མ་ལ་ཡ་རི་རྒྱུད་ཁུལ་གྱི་མི་མང་རྣམས་ངོས་ལ་ཆོས་དང་རིག་གཞུང་གི་ཐོག་ནས་དད་པ་རྩེ་གཅིག་ཡོད་པས་དེ་དག་གི་རེ་འདུན་སྐོང་ཐུབ་པ་ཞིག་དང་། གང་ལྟར་སྐྱེས་པའི་དགོས་དོན་ནི་གཞན་ལ་ཕན་པ་སྒྲུབ་པ་རེད། ངོས་ཀྱི་ལུས་རྟེན་འདིའི་ཐོག་ནས་མི་ལ་ཕན་པ་ཏན་ཏན་བསྒྲུབ་ཐུབ་ཀྱི་འདུག་པས། ཕན་པ་སྒྲུབ་ཐུབ་པའི་ལུས་རྟེན་འདི་རིང་པོར་འཚོ་ཐུབ་པར་ངོས་ཀྱིས་ཀྱང་སྨོན་ལམ་རྒྱག་གི་ཡིན། འཕེན་པ་གཏོང་གི་ཡིན། ཁྱོད་ཚོ་ཚང་མས་ཐུགས་སྨོན་གནང་སྟེ་དེ་རིང་བརྟན་བཞུགས་གནང་བ་དེ་ལྟར་རེད། ཐུགས་རྗེ་ཆེ་ཞེས། བསྟན་པ་དང་འགྲོ་བའི་དོན་དུ་མགོན་པོ་གང་ཉིད་མཆོག་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་པའི་ཞལ་བཞེས་གནང་བ་དང་། བོད་ཀྱི་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་མགོན་པོ་གང་ཉིད་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ཉམས་པ་མེད་པའི་ངང་རྒྱུན་འཛིན་གནང་བའི་ཐོག་རྒྱ་ཧོར་བོད་གསུམ་ནང་ཆོས་བརྒྱུད་བཟང་པོ་དེ་བསྐྱར་དུ་དར་སྤེལ་ཡོང་བའི་མཛད་འཕྲིན་སྐྱོང་མུས་ཡིན་པའི་སྐོར་བཀའ་གནང་སོང་།
བརྟན་བཞུགས་ཀྱི་ཆོ་ག་ཡོངས་རྫོགས་གྲུབ་པའི་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པ་ཚོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ད་རེས་ཀྱི་བརྟན་བཞུགས་སྐབས་སླར་ཡང་གང་ཉིད་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་ཞལ་བཞེས་བཟང་པོ་གནང་ཡོད་པ་དང་། བླ་མ་སྐུ་ཚེ་བརྟན་མིན་ནི་བླ་སློབ་ཀྱི་འབྲེལ་བ་དང་དམ་ཚིག་ནི་ཧ་ཅང་གི་གལ་ཆེ་པོ་ཆགས་ཡོད་པ་གསུངས་གནང་སོང་།
ཐེངས་འདིའི་བསྟན་བཞུགས་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམས་གཙོས་པའི་རྒྱ་བལ་འབྲུག་གསུམ་ནང་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་༤༠ལྷག་གི་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་སྐུ་ཚབ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་༢༡བཅས་བཅར་གནང་འདུག
དེ་ཡང་ཁེ་ན་ཌ་ཀྲོ་རོན་ཀྲོ་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་དགེ་བཤེས་བྱམས་པ་ཚེ་རིང་ལགས་ཀྱིས། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་གཙོ་བོ་བོད་མི་རྣམས་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་པ་བཞིན་གནས་དགོས་གལ་ཆེ་ཞེས་གསུང་བྱུང་།
ཡང་རྒྱ་གར་(Chattisgarh)་མངའ་སྡེའི་ནང་ཆགས་པའི་མེན་པཱཌ་ཕན་བདེ་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སངས་རྒྱས་བསྟན་འཛིན་ལགས་ཀྱིས། གཞན་ལ་ཕན་སེམས་དང་སེམས་བཟང་པོ་བྱས་པ་ཡིན་ན། བླ་མ་སྐུ་ཚེ་བརྟན་པར་ཕན་ཐོགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རིང་མིན་སྤྱི་ཟླ་༤པའི་ཚེས་༥ཉིན་རྒྱ་གར་བྱང་ཕྱོགས་སུ་རྟེན་གཞི་བྱས་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭ་དང་། གཏན་འཇགས་སློབ་གྲྭ་གཉིས་ཚུད་པའི་ཚོགས་པ་ཁག་ཅིག་མཐུན་མོང་གི་ཐོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།