སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག་ལ་༧གོང་ས་མཆོག་གིས་རིང་མིན་དགེ་ཚུལ་སློང་གི་བསླབ་སྡོམ་འབོགས་སྩོལ་གནང་རྒྱུ་ཡིན་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ། ༡༢།༢༩།༢༠༢༣ OHHDL

ཕྱི་ཟླ་༢ཚེས་༡༤ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་ཡོད་པ་དང་། ༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཕྱག་དཔེའི་སློབ་དཔོན་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ༧སྤྱི་ནོར༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་ལྷག་དོན་བོད་ལུགས་ལྟར་ན༧གོང་ས་མཆོག་དགུང་ལོ་༩༠ལ་ཕེབབས་ཡོད་པ། དེའི་ཁར་གནམ་ལོ་གསར་ཚེས་ཀྱི་དུས་བཟང་བཅས་ལ་གཞིགས་ནས་ལོ་སྔོན་མ་ནས་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་བཟང་པོ་ཐོབ་ནས། ད་རེས་སྤྱི་ཟླ་གཉིས་པའི་ཚེས་༡༤ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཐུན་མོང་གི་ངོས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། རྡོ་རྗེ་སློབ་དཔོན་ནི་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་ཁྲོམ་ཐོག་རིན་པོ་ཆེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤྱི་ཟླ་༢པའི་ཚེས་༡༣ཉིན་སྤེལ་བའི་གསལ་བསྒྲགས་སྤེལ་དོན་ལྟར་ན། ལོ་ལྟར་ཆོ་འཕྲུལ་ཟླ་བའི་ནང་སྤྱི་ནོར༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱུད་གྲྭ་སྟོད་སྨད་ཀྱིས་གཙོས་ཕྱོགས་མཐའ་ཁག་གི་དོན་གཉེར་ཅན་རྣམས་ལ་དགེ་ཚུལ་སློང་གི་བསླབ་སྡོམ་འབོགས་སྩོལ་གནང་བཞིན་པ་ལྟར། ད་ལོར་ཡང་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་དམ། སྤྱི་ཟླ་༢པའི་ཚེས་༡༧ནས་དབུ་འཛུགས་གནང་འཆར་ལགས་ན། ཐོ་འགོད་ཟིན་པའི་དགེ་ཚུལ་སློང་གི་བསྒྲུབ་བྱ་རྣམས་བོད་ཟླ་༡པོའི་ཚེས་༧དང་། སྤྱི་ཟླ་༢པའི་ཚེས་༡༦ རེས་གཟའ་པ་སངས་ཀྱི་ཉིན་རྒྱབ་ཆུ་ཚོད་༣པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ངེས་ཕེབས་དགོས་ཀྱི་འདུག
སྤྱི་ནོར༧གོང་ས་མཆོག་ནི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་འབོག་འཇོག་མང་ཤོས་མཛད་མཁན་དེ་ཡིན་པ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་ལ། ཁོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ཏེ་ད་བར་དགེ་སློང་༢༧༠༠༠ ལྷག་དང་དགེ་ཚུལ་མ་༥༠༠༠ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོགས་འཇོག་མཛད་ཡོད་པ་གསུངས་ཡོད་པ་རེད།

གསར་འགོད་པ། སྟག་ལྷ་རྒྱལ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org