༧གོང་ས་མཆོག་གིས་རྒྱལ་སྤྱིའི་ཚོང་པ་ཁེ་ལས་པ་དང་ལྷན་བགྲོ་གླེང་།
འཇིག་རྟེན་ཐོག་མིས་བཟོས་པའི་དཀའ་སྡུག་དེ་མིས་སེལ་དགོས་པའི་འགན་འཁྲི་ཡོད་པ་༧གོང་ས་མཆོག་གིས་ཚོགས་ཐོག་དྲན་སྐུལ་གནང་འདུག
-
2015-11-05 -
-
-
འཇིགས་རྟེན་ཐོག་མིས་བཟོས་པའི་དཀའ་སྡུག་དེ་མིས་སེལ་དགོས་པའི་འགན་འཁྲི་ཡོད་པ་༧གོང་ས་མཆོག་གིས་ཚོགས་ཐོག་དྲན་སྐུལ་གནང་འདུག
དེ་ཡང་ཚེས་༤ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཏུ་རྟེན་གཞི་བྱེད་པའི་AEIཞེས་ཚོང་ལས་སྒྲིག་འཛུགས་ལྟེ་གནས་ཁང་གི་གོ་སྒྲིག་འོག དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་ཚོགས་ཁང་དུ་ཞེན་ཆགས་མེད་པའི་ཐོག་ནས་འབྱོར་ཕྱུག་དང་དཔལ་འབྱོར་ཡར་རྒྱས་ལ་བརྟེན་ནས་ འཛམ་གླིང་ནང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག ༧གོང་ས་མཆོག་དབུ་བཞུགས་ཐོག་ཉིན་གཉིས་རིང་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་རེད།
བགྲོ་གླེང་ཚོགས་འདུའི་གཙོ་སྐྱོང་བ་སྐུ་ཞབས་Arthur Brooksལགས་ཀྱིས། ༧གོང་ས་མཆོག་དང་ལྷན་དུ་ཉིན་གཉིས་རིང་གི་ཚོང་པའི་བགྲོ་གླེང་དེ་བརྒྱུད་དཔལ་འབྱོར་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་། འགྲོ་བ་མིའི་སྤྱི་ཚོགས་ནང་། དོན་ཕན་ལྡན་པའི་བདེ་སྐྱིད་ཀྱི་འཚོ་གནས་བསྐྲུན་ཐུབ་པའི་རེ་བ་བཞེས་ཀྱི་ཡོད་ལུགས་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་གནང་འདུག
ཚོགས་འདུའི་ནང་ལྷན་བཅར་ཞུས་པའི་རྒྱ་གར་གྱི་Odishaམངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་Jay Pandaལགས་ཀྱིས། དབུལ་ཕོངས་མི་མང་གི་ཁྲོད་ལ་ འཚོ་གནས་ཀྱི་གནས་སྟངས་དཀའ་ངལ་ཆེན་པོ་ཡོད་ནའང་གཞན་སེམས་ཀྱི་ཚོར་བ་ཆེན་པོ་ཡོད་པ་དེ་Odishaམངའ་སྡེའི་ནང་གི་མདོད་མའི་མི་རིགས་ཀྱི་མྱོང་ཚོར་ལས་ལུངས་འདྲེན་གནང་སྟེ། གནས་ལུགས་གསལ་འདོན་གནང་འདུག
ཡང་ཨ་རིའི་ཚོང་ལས་སྒྲིག་འཛུགས་ལྟེ་གནས་ཁང་གི་དབུལ་ཕོངས་ཞིབ་འཇུག་ཚན་པའི་སྐུ་ཞབས་Robert Doarལགས་ཀྱིས། སྤྱི་ཚོགས་ནང་འཚོ་བའི་འགྲན་རྩོད་ཁྲོད་དུ་ ཉམས་ཐག་མང་པོ་ཡིད་ཆེད་དང་། རེ་བ་ཆད་དེ་འུ་ཐུག་གིས་གནས་སྟངས་འཚོ་བཞིན་ཡོད་སྟབས་སྤྱི་ཚོགས་ནང་འབྱོར་ལྡན་མི་མང་ཚོས་གཏོང་ཕོད་ཆེད་ཙམ་བྱེད་གལ་ཆེ་བ་དང་ ཆབས་ཅིག་གཞུང་གི་སྲིད་ཇུས་གང་གི་ཐད་ནས་ཉམས་ཐག་ལ་ལྟ་སྐྱོངས་ཀྱི་ལས་དོན་རྒྱ་ཆེར་གཏོང་གལ་ཆེ་བའི་སྐོར་ནན་སྐུལ་གནང་འདུག
བགྲོ་གླེང་དེའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འགྲོ་བ་མིའི་རིགས་འདི་ སེམས་ཅན་སྲོག་ཆགས་དང་མི་འདྲ་བ་སྨྲ་ཤེས་དོན་གོ་བའི་སྲོག་ཆགས་ཤིག་ཡིན་སྟབས་ང་ཚོས་མིའི་འཇིག་རྟེན་འདི་ཇེ་ལེགས་སུ་གཏོང་དགོས་ཀྱི་ཡོད་པ་རེད། ང་ཚོ་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན། ཡིན་ནའང་ང་ཚོ་འཇིག་རྟེན་འདིར་སྐྱེས་པ་ནས་སྡུག་བསྔལ་མྱོང་གི་ཡོད། སྡུག་བསྔལ་དེ་ང་ཚོ་རང་ཉིད་ཀྱིས་བཟོས་པ་ཡིན་དུས་སོ་སོའི་ནོར་འཁྲུལ་ཡོ་བསྲང་བྱེད་ཐབས་ལ་བསམ་བློ་གཏོང་དགོས་པ་དང་། མིས་བཟོས་པའི་དཀའ་སྡུག་དེ་མིས་སེལ་དགོས་པའི་འགན་འཁྲི་ཡོད་པ་དྲན་སྐུལ་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།