༧གོང་ས་མཆོག་བཞུགས་སྒར་ལ་ཞབས་སོར་བདེ་བར་འཁོད་པ།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཡི་ནང་གི་ཆོས་འབྲེལ་གཙོ་བའི་མཛད་འཆར་ཁག་ལེགས་པར་འགྲུབ་འདུག

གྲོང་ཁྱེར་མུམ་བྷེར་༧གོང་ས་མཆོག་གི་མཛད་འཆར་ཉིན་གཉིས་བའི་སྐབས། ༢༠༡༤།༥།༣༡ པར། སྐུ་སྒེར་དྲ་བ

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཡི་ནང་གི་ཆོས་འབྲེལ་གཙོ་བའི་མཛད་འཆར་ཁག་ལེགས་པར་འགྲུབ་འདུག
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་སོ་མེཡི་ཡ་སློབ་གཉེར་ལྟེ་གནས་ཁང་དང་། ན་ལེན་ཌ་སློབ་གཉེར་ཞིབ་འཇུག་ཁང་བཅས་ནས་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་ཡིན་ཞིང་། ཕྱི་ཟླ་ ༥ ཚེས་ ༣༠ ནས་ ཕྱི་ཟླ་ ༦ ཚེས་ ༢ བར་ཉིན་གྲངས་བཞིའི་རིང་རྒྱ་གར་བའི་ནང་པ་ཁག་ཅིག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་བཟོད་པ་དང་བསམ་གཏན་གྱི་ལེའུ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་འཕྲེང་བ་བཅས་ཀྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཛད་པའི་པཎ་གྲུབ་སོ་བདུན་གྱི་གསོལ་འདེབས་ཀྱི་སྒོ་ནས་མང་ཚོགས་ལ་དཔལ་ན་ལེན་ཌའི་སློབ་དཔོན་རྣམས་ཀྱི་ངོ་སྤྲོད་ཀྱང་མཛད་ཡོད་པ་རེད། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭ་ཆེ་ཁག་གཉིས་ཀྱི་སློབ་མ་ཚོར་བླང་དོར་གྱི་བཀའ་སློབ་སྩལ་བ་དང་། སོ་མེཡི་ཡ་སློབ་གཉེར་ལྟེ་གནས་ཁང་གིས་ནང་ཆོས་སྤྱི་དང་ལྷག་པར་དུ་ལེགས་སྦྱར་གྱི་སྐད་ནང་བཞུགས་པའི་ནང་ཆོས་ལ་སློབ་གཉེར་བྱ་ཡུལ་ཁང་པ་གསར་རྒྱག་གི་རྩིག་རྡོའི་རྨང་གཞིར་རབ་གནས་དང་ཐུགས་སྨོན་མཛད་པ་སོགས་མཛད་འཆར་དུ་མ་ཞིག་བསྐྱངས་གནང་མཛད་ཡོད་ལ། ཡང་སྔོན་འཆར་ལྟར་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་མུམ་བྷེ་ནང་གི་ཚོང་པའི་འགོ་ཁྲིད་ཁག་ཅིག་དང་མཇལ་འཕྲད་གནང་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཚོང་པ་ཚོས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་དོན་ཐད་ཞབས་འདེགས་ཆེན་པོ་གྲུབ་ཐུབ་པའི་ནུས་པ་ཡོད་པ་བཀའ་གནང་པ་དང་། དེ་ཡང་གཙོ་བོ་ཤེས་ཡོན་དང་འཕྲོད་བསྟེན་གྱི་ཐོག་ནས་རོགས་པ་བྱས་ཏེ་ རིམ་པས་དབུལ་ཕོངས་ཀྱི་མི་དེ་དག་གི་སེམས་ནང་གདེངས་སྤོབས་ཐོབ་སྟེ་རང་ཉིད་ཀྱིས་དཀའ་ལས་བརྒྱབ་སྟེ་མི་ཚེ་དོན་ལྡན་ཞིག་སྐྱེལ་ཐུབ་ཐབས་ཀྱི་དམིགས་ཡུལ་ཞིག་བཞག་ཐུབ་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་བཀའ་གནང་འདུག
དེ་ལྟར་སྤྱི་ཟླ་༦ ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་། སང་ཉིན་ཕྱི་ཟླ་ ༦ ཚེས་ ༤ ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལར་ཡོད་བཞིན་པ་དང་། དེ་བཞིན་ཕྱོགས་མཐའ་ཁག་ནས་ཆེད་བཅར་བོད་ཕྲུག་གཞོན་སྐྱེས་ཚོར་ཉིན་གྲངས་གསུམ་རིང་ནང་ཆོས་ངོ་སྤྲོད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།  
གསར་འགོད་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org