ཤར་གླིང་ཟླ་སྒྲོན་ལགས་བཀའ་བློན་ནས་ཕྱིར་འཐེན་གནང་བ།
ཤར་གླིང་ཟླ་སྒྲོན་ལགས་ཟླ་བ་གསུམ་ལྷག་གིས་ལོ་གྲངས་ཧྲིལ་པོ་༣༥་ཟིན་མེད་སྟབས་བཀའ་བློན་ནས་ཕྱིར་འཐེན་གནང་འདུག།
-
2016-06-03 -
-
-
Your browser doesn’t support HTML5 audio
ཤར་གླིང་ཟླ་སྒྲོན་ལགས་ཟླ་བ་གསུམ་ལྷག་གིས་ལོ་གྲངས་ཧྲིལ་པོ་༣༥་ཟིན་མེད་སྟབས་བཀའ་བློན་ནས་ཕྱིར་འཐེན་གནང་འདུག།
དེ་ཡང་འདི་ཚེས་༣ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་གསུམ་པའི་སྔ་དྲོར། གྲོས་ཚོགས་ཀྱི་ལས་རིམ་ཉིན་དང་པོའི་ཐོག་སྲིད་སྐྱོང་མཆོག་ནས་མཚན་འདོན་གནང་བ་དང་། གྲོས་ཚོགས་ནང་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་བའི་ཤར་གླིང་ཟླ་སྒྲོན་ལགས་ཟླ་བ་གསུམ་ལྷག་གིས་ལོ་གྲངས་༣༥ཧྲིལ་པོ་ཟིན་མེད་སྟབས། སྤྱི་ཚོགས་ནང་བཀའ་བློན་གྱི་ཆ་རྐྱེན་དགུ་ཚང་མེད་པའི་གླེང་སློང་བྱུང་བཞིན་པ་ལྟར། སྲིད་སྐྱོང་མཆོག་ནས་དགོངས་སེལ་དང་སྦྲགས་ཤར་གླིང་ཟླ་སྒྲོན་ལགས་བཀའ་བློན་ནས་ཕྱིར་འཐེན་གནང་རྒྱུ་ཐག་བཅད་པ་གསལ་བསྒྲགས་གནང་ཡོད་འདུག།
གནད་དོན་དེའི་ཐོག་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྩ་འཛིན་བྱེད་ས་དེ་བཀའ་ཤག་གམ་སྲིད་སྐྱོང་མཆོག་ཆགས་ཡོད་པར་བརྟེན་དེས་འཆར་འབུལ་གང་ཞུས་པ་དེར་ང་ཚོས་གཞི་རྩ་བྱས་ཏེ་ཐག་གཅོད་བྱས་པ་ཞིག་ཡིན་ཞིང་། གྲོས་ཚོགས་ལ་འཆར་འབུལ་ཞུས་པའི་ཡིག་ཆའི་ནང་འཁྲུངས་ལོ་དེ་༡༩༨༡བཀོད་ཡོད་པ་དང་། དེ་ལྟར་ཡིན་ཚེ་༢༠༡༦ལོར་དགུང་ལོ་༣༥ཟིན་གྱི་ཡོད་པ་རེད། ཡིན་ནའི་གྲོས་ཚོགས་ལ་ཕུལ་བའི་ཡིག་ཆའི་ནང་ཟླ་བ་དང་ཚེས་གྲངས་གསལ་མེད་པས་དེའི་ཐོག་གྲོས་ཚོགས་ནས་རྩད་གཅོད་བྱེད་ཐུབ་མེད་པ་རེད།
དེ་བས་སྤྱི་འཐུས་ཁ་ཤས་ཀྱིས་གསུངས་བ་ལྟར་གྲོས་ཚོགས་ནང་ཆེད་མངགས་དབུ་སྐོར་ཞུས་པ་ཞིག་ལ་ངོ་འཛིན་ཞུ་ཐུབ་ཀྱི་མེད་ཀྱང་། འཆར་འབུལ་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ལས་ཚགས་ཚུད་མེད་པ་དང་། འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག
དེའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསལ་བཤད་གནང་སྐབས། གཟའ་ཟླ་བའི་སྔ་དྲོ་བཀའ་བློན་རིམ་པར་འབྲེལ་བ་ཞུས་པའི་སྐབས། དོ་དག་ཁོང་ཉིད་ལ་སྐྱེས་ལོ་བཀའ་འདྲི་ཞུ་དུས་༡༩༨༡་ལོར་སྐྱེས་པ་གསུངས་དུས་ཐོལ་གྱིས་གྲངས་ཀ་རྒྱག་སྐབས་དགུང་ལོ་༣༥ཚང་འདུག་ཅེས་དགོངས་པ་དང་། དོ་དག་ཡང་གློ་བུར་དུ་བཀའ་བློན་ལ་བསྐོས་དུས་བཀའ་བློན་གནང་རྒྱུ་སོགས་ལ་དགོངས་པ་མང་པོ་ཞིག་བཞེས་པའི་ཐོག་ནས་ཟླ་གྲངས་ཁ་གསལ་པོ་ཆགས་མེད་པ་ཡིན་པས་དེར་བརྟེན་གྲོས་ཚོགས་ལ་དགོངས་སེལ་ཞུ་བ་དང་སྦྲགས་དབུ་སྐོར་ཞུས་པ་རྩ་བ་ནས་མིན་ཞེས་གསུངས་ཡོད་འདུག
གསར་འགོད་པ་འཆི་མེད།