བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཁག་གི་ལས་འཆར་དང་ནུས་པ་གོང་མཐོར་གཏོང་ཕྱོགས་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་འབྲེལ་མཐུད་ཚོགས་ཆུང་གི་ཚོགས་འདུ་བསྐོངས་ཚོགས་ཐོག་དབུས་སའི་ལས་ཁུངས་ཁག་གི་ནུས་པ་གོང་མཐོར་གཏོང་ཕྱོགས་དང་ལས་གཞི་ཁག་རྒྱ་སྐྱེད་གཏོང་ཐབས་གྲོས་བསྡུར་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཁག་གི་འས་འཆར་དང་ནུས་པ་གོང་མཐོར་གཏོང་ཕྱོགས་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་སྐབས། ༠༡།༡༨།༢༠༢༤ CTA

དེ་ཡང་འདི་ཚེས་༡༨ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་རྣམ་གཉིས་དབུ་བཞུགས་ཐོག་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་། རྒྱ་གར་ནང་གི་ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ། གཞན་ཡང་ལས་འཆར་འབྲེལ་མཐུད་པ་རྣམས་འཛོམས་པའི་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་ཡོད་པ་དང་། གོང་ཞུས་ཚོགས་འདུའི་ཐོག་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་མ་ལག་དང་བཅས་པའི་ལས་གཞི་ཁག་བཀོད་བསྒྲིགས་བྱེད་ཕྱོགས་དང་། དེ་དག་ཡུན་གནས་ཐུབ་པའི་ལས་འཆར་ཐོག་ནས་བཀོད་བསྒྲིགས་བྱེད་སྟངས། དབུས་སའི་ལས་ཁུངས་ཁག་གི་ནུས་པ་གོང་མཐོར་གཏོང་ཕྱོགས་དང་ལས་གཞི་ཁག་རྒྱ་སྐྱེད་གཏོང་ཐབས་སོགས་ཀྱི་ཐད་གྲོས་བསྡུར་གནང་ཡོད་འདུག


ཉིན་རྒྱབ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་གནང་མཁན་སྒྲིག་འཛུགས་ཕན་ཚུན་བར་བོད་མིའི་སྒྲིག་འཛུགས་ཀྱི་བརྡ་འཕྲུལ་ལས་གཞི་ཚགས་ཚུད་གོང་མཐོར་གཏོང་ཕྱོགས་ཐད་གྲོས་མོལ་གནང་བ་དང་། སྐབས་དེར་དམིགས་བསལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁོངས་ནས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང་། དཔལ་འབྱོར་ལྷན་ཁང་གཉིས་ཀྱི་དྲུང་ཆེ་རྣམ་གཉིས་དང་། ཆོས་རིག་ལྷན་ཁང་གི་དྲུང་ཆེ་ལས་འཕར་བཅས་མཉམ་ཞུགས་གནང་བའི་ཐོག་དམིགས་བསལ་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་། བོད་དོན་ལས་འགུལ་བསྟི་གནས་ཁང་བཅས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་མཉམ་ཞུགས་གནང་ཡོད་འདུག
དེ་དང་ཕྱོགས་མཚུངས་བཙན་བྱོལ་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་འཚོ་བའི་རྟེན་གཞི་ཡར་རྒྱས་གཏོང་ཕྱོགས་ཀྱི་ལས་གཞིའི་སྐོར་ཡང་གྲོས་བསྡུར་གནང་ཡོད་པ་དང་། སྐབས་དེར་ནང་སྲིད་ལྷན་ཁང་དང་། འཕྲོད་བསྟེན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་ལས་བྱེད་ཚོ་མཉམ་ཞུགས་གནང་བ་སོགས་ཉིན་གཅིག་གི་ཚོགས་འདུའི་ཐོག་ལྷན་ཁང་ཁག་དང་། འབྲེལ་ཡོད་རོགས་ཚོགས་བཅས་པའི་བར་གྲོས་བསྡུར་སྦྱང་བཤད་ཙམ་མ་ཡིན་པར་ལས་གཞི་ཁག་ཡར་རྒྱས་དང་ཡུན་གནས་ཐུབ་པའི་འཆར་གཞི་བཀོད་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་བྱུང་ཡོད་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་གི་མཐུན་འགྱུར་ཨ་རིའི་གྲོས་ཚོགས་ཀྱི་རོགས་དངུལ་ཁོངས་ནས་གནང་གི་ཡོད་པ་ཞིག་ཡིན་པ་དང་། ད་རེས་ཚོགས་འདུའི་ཐོག་ཨ་རིའི་རོགས་དངུལ་སྡེ་ཁག་གི་འབྲེལ་ཡོད་སྐུ་ཚབ་དང་། བོད་ཀྱི་ཐེབས་རྩའི་སྐུ་ཚབ་ཁག་ཅིག་ཀྱང་ཆེད་ཕེབས་གནང་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org