ལས་དོན་ཁག་མང་ཚོགས་ཀྱི་མཁྱེན་རྟོགས་ཡོང་ཆེད་གསལ་བཤད།
བཀའ་ཤག་ནས་ལས་དོན་གནང་བཞིན་པ་ཁག་མང་ཚོགས་ཀྱི་མཁྱེན་རྟོགས་ཡོང་ཆེད་དོན་ཚན་གསུམ་གྱི་ཐོག་ནས་ངོ་སྤྲོད་གནང་འདུག
-
2014-06-26 -
-
-
བཀའ་ཤག་ནས་ལས་དོན་གནང་བཞིན་པ་ཁག་མང་ཚོགས་ཀྱི་མཁྱེན་རྟོགས་ཡོང་ཆེད་དོན་ཚན་གསུམ་གྱི་ཐོག་ནས་ངོ་སྤྲོད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་ནས་འབྲེལ་ཡོད་ལས་དོན་ཁག་སོ་སོར་མཇུག་སྐྱོང་ལས་བསྟར་ཞུས་པ་ཡོངས་སུ་མང་ཚོགས་ཀྱི་མཁྱེན་རྟོགས་ཡོང་ཆེད་ཚེས༢༦ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྐབས་དེར་བརྗོད་གཞི་དོན་ཚན་གསུམ་གྱི་ཐོག་གསལ་བཤད་གནང་བའི་ནང་། དང་པོ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གྱིས་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་སྐོར་གསུངས་པའི་ནང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ལོའི་ཕྱི་ཟླ་༦ཚེས་༥ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་བསྐྱེད་གཏོང་རྒྱུའི་ལས་གཞི་དང་འབྲེལ་བའི་ཡིག་ཆ་ཁག་གསུམ་༧གོང་ས་མཆོག་ལ་སྤྱན་བསྟར་ཞུས་རྗེས་ཕྱི་དྲིལ་ལས་ཁུངས་ནས་དབུ་མའི་ལམ་གྱི་སྐོར་ཆེད་མངགས་བཟོ་སྐྲུན་གནང་བའི་སྐར་མ་༧ཅན་གྱི་བརྙན་འཕྲིན་གསར་འགོད་ལྷན་ཚོགས་སར་གཟིགས་འབུལ་ཞུས་པ་དང་། དབུ་མའི་ལམ་གྱི་དྲ་རྒྱའི་ནང་བོད་སྐད་དང་། རྒྱ་སྐད། དབྱིན་སྐད་གཙོ་བོར་གྱུར་པའི་སྐད་ཡིག་ཁག་བདུན་ཐོག་ཡིག་ཆ་གྲ་སྒྲིག་གནང་བའི་སྐོར་དང་། དབུ་མའི་ལམ་གྱི་ལངས་ཕྱོགས་གཞི་རྩར་བཟུང་སྟེ་ལས་འགུལ་སྤེལ་སྐབས་དགོས་འདུན་དང་། འབོད་སྒྲ འཕྲེད་དར། དེ་མིན་ཡིག་ཆ་བཅས་ཀྱི་བརྗོད་ཚིག་གཅིག་གྱུར་ཡོང་ཐབས་གནང་བཞིན་ཡིན་པ་དང་། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་དང་། གཞིས་ལུས་བོད་མིའི་མངོན་འདོད་གཙོ་བོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་སྟབས་བཀའ་ཤག་གིས་རྒྱུན་དུ་སྙིང་བཅངས་ཀྱིས་འབད་བརྕོན་ཞུ་མུས་ཡིན་ཞེས་དང་། གཉིས་པ། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་དང་། གསུམ་པ། ཨེ་ཤེ་ཡའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག ཤེས་ཡོན་གྱི་གནས་སྟངས་སོགས་ཁ་གསལ་དཔང་རྟགས་དང་བཅས་རྒྱལ་སྤྱིའི་ནང་ངོ་སྤྲོད་དང་འབྲེལ་རྒྱ་ནག་གཞུང་གི་སྲིད་ཇུས་ངན་པ་དེ་དག་མཚམས་འཇོག་ཡོང་བར་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་དང་འགྲེལ་བརྗོད་སྔར་ལྷག་ཞུ་མུས་ཡིན་ཞེས་འཁོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།