སྲིད་སྐྱོང་མཆོག་གིས་ས་མཚམས་སྲུང་སྐྱོབ་ཆེད་དུ་འདས་གྲོངས་སུ་ཕྱིན་པ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་འདྲ་སྐུ་ཞིག་དབུ་འབྱེད་གནང་སོང་།

རྒྱ་གར་གྱི་མཐའ་སྲུང་ཆེད་དུ་རང་སྲོག་བློས་གཏོང་མཁན་ཉི་མ་བསྟན་འཛིན་ལགས་གཅིག་པུ་མིན་པར། སྤྱི་ལོ་༡༩༧༡ ལོར་བཱངྒ་ལ་དེ་ཤི་བཅིངས་གྲོལ་སྐབས་བོད་པའི་དམག་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་སོང་།

སྤྱི་ཟླ་༨པའི་ཚེས་༣༠ ཉིན་རྡ་རམ་ས་ལའི་ལྷ་རྒྱལ་རིའི་སྐོར་ལམ་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་མཚམས་ཁུལ་དུ་འདས་གྲོངས་སུ་ཕྱིན་པའི་རྒྱ་གར་གྱི་དམིགས་བསལ་མདུན་སྐྱོད་དམག་དཔུང་གི་དཔོན་རིགས་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་འདྲ་སྐུ་ཞིག་དབུ་འབྱེད་གནང་སོང་།

སྤྱི་ཟླ་༨པའི་ཚེས་༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལའི་ལྷ་རྒྱལ་རིའི་སྐོར་ལམ་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་མཚམས་ཁུལ་དུ་འབར་རྫས་གས་འཐོར་འོག་འདས་གྲོངས་སུ་ཕྱིན་པའི་རྒྱ་གར་གྱི་དམིགས་བསལ་མདུན་སྐྱོད་དམག་དཔུང་(Special Frontier Force)་གི་དཔོན་རིགས་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་འདྲ་སྐུ་ཞིག་དབུ་འབྱེད་གནང་སོང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཙོན་བྱོལ་བོད་མི་གནས་ཡུལ་གྱི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་ཉི་མ་བསྟན་འཛིན་ལགས་གཙོས་པའི་བོད་པའི་དམག་མི་མང་པོ་ཞིག་གིས་ཚེ་སྲོག་བློས་གཏོང་གནང་ཡོད་པ་དེས་རྒྱ་གར་གཞུང་མང་གཉིས་ནི་བོད་མིར་བཀའ་དྲིན་ཇི་ཙམ་ཡིན་མིན་གསལ་པོ་མཚོན་ཐུབ་ཅེས་གསུངས་གནང་སོང་།
དམིགས་བསལ་མདུན་སྐྱོད་དམག་དཔུང་གི་དཔོན་རིགས་ཉི་མ་བསྟན་འཛིན་ལགས་དེ་སྔོན་༢༠༢༠ལོའི་སྤྱི་ཟླ་༨པའི་ཚེས་༣༠ཉིན་ལ་དྭགས་ཤར་རྒྱུད་ཆུ་ཤུལ་ས་ཁུལ་དུ་རྒྱ་གར་གྱི་མཐའ་སྲུང་སྐབས་འབར་རྫས་གས་འཐོར་འོག་འདས་གྲོངས་སུ་གྱུར་ཏེ་འདི་ཚེས་༣༠ ཉིན་ལོ་གཅིག་ཧྲིལ་པོ་འཁོར་གྱི་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་གར་གྱི་མཐའ་སྲུང་ཆེད་དུ་རང་སྲོག་བློས་གཏོང་མཁན་ཉི་མ་བསྟན་འཛིན་ལགས་གཅིག་པུ་མིན་པར། སྤྱི་ལོ་༡༩༧༡ལོར་བཱངྒ་ལ་དེཤི་བཅིངས་གྲོལ་སྐབས་བོད་པའི་དམག་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་ལ། དེ་ག་ནང་བཞིན་དཀར་འཁྱིལ་དམག་སྐབས་སུ་ཡང་རྒྱ་གར་གྱི་ཡུལ་དང་ཡུལ་མི་ཚོ་སྲུང་སྐྱོབ་ཀྱི་ཆེད་དུ་བོད་པའི་དམག་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་དེ་དག་དྲན་རྟེན་གྱི་ཆེད་དུ་འདྲ་སྐུ་འདི་འདྲའི་རིགས་ད་བར་ཧ་ལམ་བཞེངས་ཐུབ་མེད་པ་ལྟ་བུ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་འདི་ཚེས་༢༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ཕྱོགས་ལ་དྭགས་སླེ་རུ་དམིགས་བསལ་མདུན་སྐྱོད་དམག་དཔུང་གི་དཔོན་རིགས་ཉི་མ་བསྟན་འཛིན་ལགས་རྗེས་དྲན་གྱི་འདྲ་སྐུ་ཞིག་དབུ་འབྱེད་གནང་ཡོད་པ་མ་ཟད། འདི་ཚེས་༣༠ ཉིན་ལ་དྭགས་སླེ་རུ་ལ་དྭགས་ས་གནས་གཞུང་གི་གནད་ཡོད་མི་སྣ་དང་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་ཚེ་དབང་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མཐུས་མི་བཅས་ཚང་འཛོམས་ཀྱིས་དམ་པ་ཁོང་འདས་གྲོངས་སུ་ཕྱིན་ནས་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག སྐབས་དེར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་བཀྲ་ཤིས་རྒྱལ་སོན་ལགས་ཀྱིས། ཉི་མ་བསྟན་འཛིན་ལགས་ཀྱི་ནང་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔའ་བོ་ཁོང་གིས་རྒྱ་གར་སྲུང་སྐྱོབ་སླད་རང་ཉིད་ཀྱི་རིན་ཐང་ཆེ་བའི་ཚེ་སྲོག་དེ་བློས་བཏང་གནང་ཡོད་ཅེས་གསུངས་གནང་ཡོད་པ་རེད།
ཡང་སྐབས་དེར་རྒྱ་གར་གྱི་དམག་དཔོན་སྐུ་ཞབས་Major General Sunit Mehrotra་ལགས་ཀྱིས། དཔའ་བོ་ཉིན་མ་བསྟན་འཛིན་ལགས་ཀྱི་རྒྱ་གར་ས་མཚམས་སྲུང་སྐྱོབ་ཆེད་དུ་རང་སྲོག་བློས་གཏོང་གནང་ཡོད་པ་དེ་ང་ཚོས་དུས་ནམ་ཡང་བརྗེད་ཐབས་མེད་ཅིང་། ང་ཚོས་རང་སྲོག་བློས་གཏོང་གནང་མཁན་དཔའ་བོ་ཁོང་རྣམས་དང་། ཁོང་རྣམས་ཀྱི་ནང་མི་ཚོར་ལྟ་སྐྱོང་དང་རྒྱབ་སྐྱོར་འཚེམ་ལུས་མེད་པ་བྱ་རྒྱུ་ཡིན།
ཁོང་རྣམས་ཀྱི་བློས་གཏོང་ལ་བརྟེན་ནས་ང་ཚོ་སེམས་ཞི་ལྷོད་ངང་བསྡད་ཐུབ་པ་ཞིག་ཡོང་གི་ཡོད་ཅེས་གསུངས་ཡོད་པ་རེད། གཞི་རྩའི་ཆ་ནས་དམིགས་བསལ་མདུན་སྐྱོད་དམག་དཔུང་སྐོར་དེ་སྔ་ཡོངས་གྲགས་ཀྱི་བཤད་སྲོལ་མེད་ཀྱང་། ཕྱིས་སུ་མཐའ་སྲུང་དམག་མི་ཉི་མ་བསྟན་འཛིན་ལགས་ཚུད་པའི་བོད་པའི་དམག་མི་ཚོས་རྒྱ་གར་གྱི་མཐའ་སྲུང་བྱས་ཏེ་ནུས་པ་བཏོན་ཐུབ་པ་ཙམ་མ་ཟད། རྒྱ་གར་གཞུང་མང་གཉིས་ནས་བོད་པའི་དམག་གི་འཇོན་ཐང་ངོས་འཛིན་དང་ཁོང་ཚོའི་བྱས་རྗེས་ལ་བསྔགས་བརྗོད་ཞུས་དང་ཞུ་མུས་ཡིན་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org