རྒྱ་ནག་གཞུང་གིས་བོད་ལ་དབྱིན་ཡིག་ཐ་སྙད་(Tibet)ཞེས་པ་དེ་(Xizang)དུ་མིང་འགྱུར་ལག་བསྟར་བྱས་པར་བོད་མིའི་སྒྲིག་འཛུགས་ཀྱིས་ངོ་རྒོལ་ཡོད་པ་གསུངས་བྱུང་།

ཀོང་པོ་རྒྱ་མདའ་ནས་དར་རྩེ་མདོའི་བར་གྱི་ས་ཁུལ་ལ་(Xizang)ཞེས་མིང་བཏགས་ཡོད་ཚུལ་འགྲེལ་བརྗོད་གནང་བ།

བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ། Reuters

དུས་རབས་༢༠པའི་ལོ་རབས་༤༠ཡི་ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། སྲིད་བྱུས་དང་དྲིལ་བསྒྲགས་སྣ་ཚོགས་ཀྱི་ལམ་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ལ་འཁྱོག་བཤད་བྱས་དང་བྱེད་མུས་ཡིན་པའི་ཁར། བར་སྐབས་ཤིག་ནས་རྒྱ་ནག་གཞུང་གིས། བོད་དང་འབྲེལ་བའི་གཞུང་འབྲེལ་ཡིག་ཆ་དང་། གསར་འགོད་གསལ་བསྒྲགས། ཆབ་སྲིད་དྲིལ་བསྒྲགས་སོགས་ཀྱི་ནང་། བོད་ལ་(Tibet)ཞེས་པའི་དབྱིན་ཡིག་ཐ་སྙད་དེའི་ཚབ་ཏུ་ཨུ་ཚུགས་ངང་ནས་རྒྱ་ཡིག་གི་ཐད་སྙད་(Xizang)ཞེས་པ་དེ་བཀོལ་སྤྱོད་བྱས་མགོ་བཙུགས་ཡོད་པ་རེད། དཔེར་ན། ཉེ་ལམ་ཐོན་པའི་གནས་ཚུལ་གསར་ཤོས་ཤིག་ནི། བོད་ཉིང་ཁྲི་ས་ཁུལ་དུ་བསྐོང་ཚོགས་གནང་བའི་ཧི་མ་ལ་ཡའི་རི་བརྒྱུད་དང་འབྲེལ་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་ཐེངས་གསུམ་པ་ཟེར་བའི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Yiནས་གཏམ་བཤད་སྤེལ་བའི་ནང་། བར་སྐབས་ཤིག་ནས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་དང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་བོད་ལ་དབྱིན་ཡིག་གི་ཐ་སྙད་དུ་(Xizang)ཞེས་བྲིས་མགོ་བཙུགས་ཡོད་པ་ལས་རྒྱལ་སྤྱིའི་རང་བཞིན་གྱི་བེད་སྤྱོད་བྱེད་བཞིན་པའི་(Tibet)ཞེས་པའི་ཐ་སྙད་དེ་བྲིས་མེད་ཚུལ་བརྗོད་འདུག  

དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས། བོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་ཡོད་པའི་(Tibet)ཞེས་པའི་ཐ་སྙད་དེ་ཡོངས་གྲགས་ཀྱི་ཐོག་ནས་(Xizang)ཞེས་པའི་རྒྱ་ཡིག་གི་ཐ་སྙད་ལ་བསྒྱུར་ཐབས་གནང་མུས་ཡིན་པའི་བྱ་སྤྱོད་དེ་ནི་ལོ་རྒྱུས་ལ་རྡོག་རོལ་བཏང་བ་ཞིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་གསུངས་བྱུང་།

འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་ཨ་མི་རི་ཀ་དང་རྒྱ་གར་ཚུད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱི་ཡིག་ཆའི་ནང་ཡོངས་གྲགས་ཀྱི་དབྱིན་ཡིག་གི་ཐ་སྙད་(Tibet)ཞེས་པ་འཁོད་ཡོད་པ་ལས། (Xizang)ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱེད་པའི་སྲོལ་མེད་པ་རེད། དཔེར་ན། ཕྱི་ལོ་༢༠༢༠ལོའི་ཨ་མི་རི་ཀའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ནང་། (Tibet)ཞེས་དབྱིན་ཡིག་ཐ་སྙད་དེ་བཞིན་ཐེངས་༡༠ལྷག་བཀོད་སྤེལ་བྱས་ཡོད་པ་དེ་ནི་ལོ་རྒྱུས་ཐོག་ནས་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད།

ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། དབྱིན་ཡིག་ནང་(Tibet)དང་རྒྱ་ཡིག་སྟེང་(Xizang)ཞེས་པའི་ཐ་སྙད་དེ་གཉིས་ལ་དེ་སྔ་ཁྱད་པར་མེད་ཀྱང་། ཕྱིས་སུ་རྒྱ་ནག་དམར་ཤོག་གཞུང་གསར་བཙུགས་ཀྱིས། སིམ་ལ་ཆིངས་ཡིག་བཞག་པའི་རྗེས་འབྲས་སུ། ཐ་སྙད་དེ་གཉིས་བཀོལ་སྤྱོད་བྱེད་རྒྱུའི་ཐད་ཁྱད་པར་ཆེན་པོ་ཕྱིན་ཏེ། དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཅིག་པུར་(Xizang)ཞེས་འབོད་སྲོལ་ཡོད་པ་ལྟ་བུ་བཟོས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་ཆ་ནས་བོད་ལ་རྒྱ་ཡིག་ཐ་སྙད་(Xizang)ཞེས་པའི་གོ་དོན་ནི། ནུབ་ཀྱི་བོད་ཅེས་པའི་དོན་ལ་གོ་ཡི་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ནི་(Xizang)ཞེས་པ་ནི་ནུབ་ཀྱི་གཏེར་མཛོད་(Western Treasure)ཞེས་པའི་དོན་ལ་ཡང་གོ་ཡི་ཡོད་པ་དེང་གི་ལོ་རྒྱུས་སྨྲ་བ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

དེ་ཡང་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས། བོད་ལ་(Xizang)ཞེས་པའི་ཐ་སྙད་དེ་ཐོག་མར་བྱུང་ཚུལ་ནི་། དེ་སྔོན་སྤྱི་ལོ་༡༩༠༨ལོར་མན་ཇུ་གོང་མའི་སྲིད་གཞུང་གི་ཟི་ཁྲོན་ཞིང་ཆེན་གྱི་དམག་དཔོན་ཀྲོ་འར་ཧྥུང་(Zhao Erfeng)གིས་བོད་ལ་བཙན་འཛུལ་བྱས་པའི་སྐབས། ཁོང་གིས། ཀོང་པོ་རྒྱ་མདའ་ནས་དར་རྩེ་མདོའི་བར་གྱི་ས་ཁུལ་ལ་(Xizang)ཞེས་མིང་བཏགས་ཡོད་ཚུལ་འགྲེལ་བརྗོད་གནང་བྱུང་།

ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། བོད་ལ་(Xizang)ཞེས་པའི་ཐ་སྙད་བྱུང་ཚུལ་ནི། དེ་སྔ་བོད་ལ་བཙན་པོའི་རྒྱལ་རབས་དང་། ས་སྐྱས་དབང་བསྒྱུར། ཕག་གྲུའིརྒྱལ་རབས། གཙང་པའི་རྒྱལ་རབས། དེ་བཞིན་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་སོགས་བྱུང་ཡོད་པ་ལས། གཙང་པ་རྒྱལ་པོས་དབང་བསྒྱུར་བྱས་པའི་སྐབས་བོད་ལ་(Xizang)ཞེས་པའི་ཐ་སྙད་དེ་ཐོབ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ལ་དབྱིན་ཡིག་གི་ཐ་སྙད་(Tibet)ཞེས་པའི་མིང་ཚིག་དེ་མུ་མཐུད་བཀོལ་སྤྱོད་བྱེད་མུས་ཡིན་པའི་ཁར། དེ་ནི་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་ཐ་སྙད་ཤིག་ཀྱང་ཡིན་པ་མ་ཟད། བཀའ་ཤག་སྐབས་༡༦པའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཡིན་པ་གསལ་སྟོན་བྱེད་རྒྱུའི་ཞུ་གཏུག་ལས་འགུལ་མུ་མཐུད་སྤེལ་མུས་ཡིན་པ་གསུངས་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org