རྡ་སར་བོད་ནང་གི་བོད་མིའི་ཆེད་མཆོད་འབུལ་གནང་བ།
བཀའ་བློན་ཁྲི་པ་དབུ་བཞུགས་ཐོག་ཉེ་ཆར་རྒྱ་ནག་གི་སྡུག་རྩུབ་འོག་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ཀྱི་ཆེད་མཆོད་འབུལ་གནང༌།
-
2012-01-25 -
-
-
༄༅༎བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བཀའ་འབྲེལ་འོག་ཕྱི་ཚེས་༢༥ཉིན་གྱི་སྔ་དྲོ་ཚོུད་༩པའི་ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་རིགས་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་བར་གསུམ་གྲངས་ལས་འདས་པ་དུས་མིན་རྐྱེན་ལམ་གྱུར་པ། ཉེས་མེད་བོད་མི་མང་པོ་བཙོན་འཇུག་རྡུང་རྡེག་མནར་གཅོད་སོགས་དཀའ་སྡུག་ཚད་མེད་མྱོང་བཞིན་པ་དང་། ལྷག་པར་དུ་ཉེ་ཆར་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེག་གནང་མཁན་སྤྲུལ་སྑུ་བསོད་བྷ་ལགས་དང་། ཚུལ་ཁྲིམས་ལགས། བསྟན་ཉི་ལགས། བློ་བཟང་འཇམ་དབྱངས་ལགས། མེ་མདའ་ཕོག་པ་ལོ་རྒྱ་ཚང་གི་བུ་དང་། ཡོན་ཏན་ལགས། རྨས་སྐྱོན་ཕོག་པའི་མི་སྣ་སུམ་ཅུ་ལྷག་ཡོད་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་གུས་བཀུར་མྱ་ངན་མཚོན་ཆེད་བཀའ་ཁྲི་མཆོག་གིས་གཙོ་བོ་གནང་བའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་།དྲུང་ཆེ་ཆུང་དང་ལས་བྱེད་རྣམ་པ་བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བས་བོད་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་པ་ཆབ་སྲིད་ཆེད་རང་སྲོག་བློ་གཏོང་གིས་འབད་རྩོན་གནང་མཁན་ཁོང་རྣམས་ཀྱིས་ཚེ་རབས་བར་བྱས་བསགས་སྡིག་ལྷུང་མ་ལུས་བྱང་ཞིང་དག་ལས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་གི་གོ་འཕང་མྱུང་དུ་ཐོབ་ཆེད་དུ་ དམིགས་ནས་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་བརྒྱ་ཚར་དང་ འབྲེལ་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་མ་ནི་ཡིག་དྲུག་ཚོད་གཅིག་རིང་གསུང་འདོན་གནང་ཡོད་པ་དང་། དེའི་སྐབས་བཀའ་ཁྲི་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་བའི་ནང་ བོད་ནང་རྒྱ་ནག་གཞུང་གིས་འཁྲེག་བཟུང་གི་སྲིད་བྱུས་འོག་བོད་མི་རྣམས་ལ་མནར་གཅོད་དང་བོད་མི་རྣམས་ཀྱང་ཐབས་ཟད་འུ་ཐུག་གི་གནས་སྟངས་འོག་ཉེ་ཆར་ནས་རང་ལུས་མེར་བསྲེག་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་དང་བྱུང་བཞིན་པར་དེ་རིང་འདིར་གདུང་སེམས་མཉམ་སྐྱེས་ཞུ་ཆེད་འཛོམས་པ་ཞིག་རེད། དེར་བརྟེན་མཆོད་འབུལ་སྨོན་ལམ་ཡག་པོ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་དང་འབྲེལ་ གཞུང་མང་གཉིས་ཀྱི་ཐོག་ནས་བོད་མི་སྤྱི་ཡོངས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་འཛམ་གླིང་སྤྱི་ཡོངས་ལ་ཕྱི་ཟླ་གཉིས་པའི་ཚེས་༨གཟའ་ལྷག་པའི་ཉིན་རྒྱལ་སྤྱི་སྤྱི་ཡོངས་ཐོག་བོད་དང་བོད་མིའི་ཆེད་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་ཡིན་ཞེས་གསུངས་འདུག།