རྒྱ་གར་གྱི་དམངས་གཙོའི་ཉིན་མོ་༦༥།
བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་ནང་འཚམས་འདྲི་དང་བཀའ་དྲིན་རྗེས་ཞུས་པ།
-
2014-01-26 -
-
-
༄༅༎དེ་རིང་ཕྱི་ཟླ་དང་པོའི་ཚེས་༢༦ནི་རྒྱ་གར་གྱི་དམངས་གཙོའི་ཉིན་མོ་ཐེངས་༦༥པའི་དུས་ཆེན་ཉིན་མོ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྲུང་བརྩི་ཞུས་ཡོད་པ་རེད།
དེང་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་སུ་ཕེབས་ཡོད་པར་བརྟེན་ནས་དེ་རིང་བཞུགས་སྒར་དྷ་རམ་ས་ལའི་བཀའ་ཤག་གི་ཡང་སྟེང་དུ་རྒྱ་གར་གྱི་དམངས་གཙོའི་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཏེ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་སྲིད་སྐྱོང་གི་སྐུ་ཚབ་ཞུས་ཏེ། རྒྱ་གར་གྱི་རྒྱལ་ཁབ་ཀྱི་རྒྱལ་དར་འགྲེངས་བཙུགས་གནང་བ་མ་ཟད། ཁོང་གིས་རྒྱ་གར་རྒྱལ་ཁབ་ཀྱི་དམངས་གཙོའི་དུས་ཆེན་ཐེངས་༦༥ པ་དེ་སྲུང་བརྩི་ཞུ་རྒྱུ་དེ་ནི་གཟི་བརྗིད་ཞིག་ཡིན་ཞིང། རྒྱ་གར་ནི་དེ་སྔ་ལོ་ངོ་༢༠༠ ལྷག་རིང་དབྱིན་ཇིའི་མངའ་འོག་ཏུ་བསྡད་པའི་རིང་རྒྱ་གར་གྱི་འཚེ་མེད་ཞི་བའི་དབུ་ཁྲིད་དམ་པ་Mahatma Gandhi མཆོག་དང། སྐུ་ཞབས་Sardar Patel ལྟ་བུའི་དབུ་ཁྲིད་ཀྱིས་འཚེ་མེད་ཞི་བའི་འཐབ་རྩོད་ལ་བརྟེན་ནས་རྒྱ་གར་རང་བཙོན་ཐོབ་ཡོད་པ་རེད། རྒྱ་གར་གྱི་འཚེ་མེད་ཞི་བའི་ཐབས་ལམ་ནི་འཛམ་གླིང་ཁྱོན་ཡོངས་ལ་དམངས་གཙོ་དང་རང་དབང་འཐབ་རྩོད་བྱེད་པའི་ནང་དམིགས་དཔེ་ལྟ་ཡུལ་ཏུ་གྱུར་ཡོད་པ་མ་ཟད། བོད་མི་ཚོར་མཚོན་ནའང་རྒྱ་གར་མི་དམངས་ཀྱིས་དེ་སྔ་དབྱིན་ཇིའི་དབང་བསྒྱུར་ལ་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱས་པའི་ཐབས་ལམ་ལ་སེམས་སྐུལ་ཆེན་པོ་ཐེབས་ཡོད་པའི་སྐོར་དང། ད་དུང་ཁོང་གིས ད་རེས་ཀྱི་གོ་སྐབས་དེ་བཟུང་སྟེ་རྒྱ་གར་གཞུང་དང་མི་དམངས་ཀྱིས་ད་བར་ལོ་ངོ་ལྔ་བཅུ་ལྷག་རིང་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་བར་རྗེས་དྲན་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།།