བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

རྒྱ་གར་དམངས་གཙོ་ལམ་ལུགས་ནི་ནུབ་ཕྱོགས་ཀྱི་དམངས་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་ལས་ལོ་རྒྱུས་ཧ་ཅང་གི་རིང་བ་ཡོད། དེར་བརྟེན། རྒྱ་གར་ལ་དམངས་གཙོའི་རིང་ལུགས་ཀྱི་འབྱུང་ཁུངས་སམ་མ་ཡུམ་ཞེས་འབོད་ཀྱི་ཡོད་ཅེས་གསུངས་འདུག

རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་པ། ༢༠༢༤།༠༡།༢༦ ཉིན། RFA/Tenzin Woser

སྤྱི་ལོ་ ༢༠༢༤ ལོའི་སྤྱི་ཟླ་ ༡ པོའི་ཚེས་ ༢༦ ཉིན་ཏེ། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་༧༥ འཁོར་བའི་ཉིན། བཞུགས་སྒར་གངས་སྐྱིད་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ལྷན་ཞུགས་ཐོག་གཞུང་འབྲེལ་གྱི་ལམ་ནས་ཉིན་དེ་སྲུང་བརྩི་ཞུས་ཤིང་། སྐབས་དེར་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས། རྒྱ་གར་གྱི་རྒྱལ་དར་ཁ་དབྱིངས་སུ་སྒྲེང་འཛུགས་གནང་སྟེ། བོད་མི་རྣམས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་དང་སྦྲགས། ད་བར་བོད་མིའི་ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན་སོགས་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་མཐུན་སྦྱོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་། དུས་དྲན་སྲུང་བརྩི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་སྲི་ཞུ་བ་དྲུང་གཞོན་ཡན་སོགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ལྷན་འཛོམས་ཀྱིས་སྲུང་བརྩི་ཞུས་ཡོད་གནང་སོང་།

ཡང་ཉིན་འདིར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken ལགས་ཀྱིས། རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་གནང་བའི་ནང་། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོར། ངོས་ཀྱི་ཨ་མི་རིའི་ཚབ་ཞུས་ཏེ། རྒྱ་གར་མི་མང་ལ་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱ་གར་གྱི་རྩ་ཁྲིམས་ཀྱིས། འཛམ་གླིང་སྟེང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་ར་འཕྲོད་གསལ་སྟོན་བྱེད་མུས་ཡིན་ལ། གོ་ལ་ཧྲིལ་པོའི་འགོ་ཁྲིད་ཀྱི་རྨང་གཞི་ཞིག་ཀྱང་ཡིན། སྲིད་འཛིན་ Biden གྱིས་གསུངས་པ་ལྟར། ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་ནི་འཛམ་གླིང་ཐོག་གི་འབྲེལ་བ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞེས་དང་། འདས་ཟིན་པའི་ལོ་གཅིག་གི་ནང་། ཨ་རི་དང་རྒྱ་གར་གཉིས་ཀྱིས། འཛམ་གླིང་སྤྱི་ཡོངས་ཀྱི་ཐབས་བྱུས་མཉམ་ལས་ཀྱི་ངོ་ཐོག་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་ཧ་ཅང་གི་ཡག་པོ་ཞིག་ལ་ངོས་འཛིན་ཐོབ་ཡོད། དེའི་ནང་རྒྱ་གར་སྣེ་ཁྲིད་འོག་རྒྱལ་ས་ལྡི་ལིར་འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་ ༢༠ (G20) ཚོགས་ཆེན་དེ་བཞིན་བསྐོང་ཚོགས་གནང་ཐུབ་པ་དེ་ཚུད་ཡོད་ཅེས་གསུངས་འདུག

ཡང་ཉིན་འདིར་རྒྱ་གར་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་བ་ཚོས་སྲུང་བརྩི་ཞུ་མུས་ཡིན་ཞིང་། རྒྱལ་ས་ལྡི་ལིར་ཆགས་པའི་ཁར་དམར་པོའི་ (Red fort) མདུན་ཐང་དུ་སྲིད་བློན་མོ་དྷི་མཆོག་དབུས་པའི་རྒྱ་གར་གཞུང་གི་མཛད་གཙོ་རྣམ་པ་དང་མང་ཚོགས་ཁྲི་ཚོ་བརྒལ་བའི་འདུ་འཛོམས་ཐོག་ཉིན་འདི་སྲུང་བརྩི་ཟབ་རྒྱས་ཞུས་ཤིང་། རྒྱ་གར་གྱི་སྲིད་འཛིན་ལྕམ་ Droupadi Murmu མཆོག་གིས་དྲ་ལམ་བརྒྱུད་འདི་ཚེས་ ༢༥ ཉིན་རྒྱ་གར་མང་ཚོགས་ལ་གསུང་བཤད་གནང་བའི་ནང་། རྒྱ་གར་དམངས་གཙོ་ལམ་ལུགས་ནི་ནུབ་ཕྱོགས་ཀྱི་དམངས་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་ལས་ལོ་རྒྱུས་ཧ་ཅང་གི་རིང་བ་ཡོད། དེར་བརྟེན། རྒྱ་གར་ལ་དམངས་གཙོའི་རིང་ལུགས་ཀྱི་འབྱུང་ཁུངས་སམ་མ་ཡུམ་ཞེས་འབོད་ཀྱི་ཡོད་ཅེས་གསུངས་འདུག

འདས་པའི་ལོ་ངོ་ ༧༠ ལྷག་གི་ནང་རྒྱ་གར་གྱི་དཔལ་འབྱོར་དང་། ཤེས་ཡོན། དམག་དོན་སོགས་ཀྱི་ཐོག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། དཔེར་ན། སྤྱི་ལོ་ ༢༠༢༣ ལོར་རྒྱ་གར་གྱིས་ཟླ་བའི་ལྷོ་སྣེ་རུ་ཅན་རྡརཱ་ཡཱན་ཟླ་བའི་མཁའ་དབྱིངས་འཕུར་གྲུ་ ༣ པ་ (Chandrayaan 3) དེ་བཞིན་བབས་ཚུགས་ཐུབ་པ་ནི་ལོ་རྒྱུས་སྟེང་ཐོག་མ་ཡིན་པ་མ་ཟད། རྒྱ་གར་གྱི་ཚན་རྩལ་རིག་གནས་འཛམ་གླིང་ཁྱོན་ཡོངས་ལ་ངོམས་ཐུབ་པ་བྱུང་ཡོད་ལ། སྤྱི་ལོ་ ༢༠༢༣ དང་ སྤྱི་ལོ་ ༢༠༢༤ ལོའི་རྒྱ་གར་གྱི་རྒྱལ་སྲུང་སྔོན་རྩིས་ནང་། ཧིན་སྒོར་བྱེ་བ་འབུམ་ ༦ མ་ཟིན་ཙམ་གཏན་འབེབས་གནང་ཡོད་པ་དེ་ནི། སྔར་ལོ་དང་བསྡུར་ན། བརྒྱ་ཆ་ ༡༣ འཕར་འདུག་པ་མ་ཟད། སྤྱི་ལོ་ ༢༠༡༤ ལོར་རྒྱ་གར་དེ་བཞིན་འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆ་ནས་རྒྱ་ཁབ་ཨང་རིམ་ ༡༠ དེ་ཡིན་ནའང་། སྤྱི་ལོ་ ༢༠༢༣ ལོར་ཨང་རིམ་ལྔ་པ་ཆགས་ཡོད་པ་མ་ཟད། མགྱོགས་མྱུར་ཨང་རིམ་གསུམ་པ་ཆགས་ཐུབ་པའི་ནུས་པ་ཡོད་པ་སྲིད་བློན་མོ་དྷི་མཆོག་གིས་དེ་སྔོན་གསུངས་ཡོད་པ་རེད།

སྤྱི་ལོ་ ༡༩༥༠ ལོའི་སྤྱི་ཟླ་ ༡ པོའི་ཚེས་ ༢༦ ཉིན་རྒྱ་གར་གྱི་རྩ་ཁྲིམས་གསར་པ་གཏན་འབེབས་བྱས་ཏེ། རྒྱ་གར་རྒྱལ་ཁབ་དེ་བཞིན་དངོས་སུ་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། ཉིན་མོ་དེར་རྒྱ་གར་དམངས་གཙོའི་ཉིན་མོ་ཞེས་འབོད་སྲོལ་ཡང་ཡོད་པ་དང་། ཉིན་དེར་རྒྱལ་ས་ལྡི་ལི་རུ་རྒྱ་གར་མངའ་སྡེ་སོ་སོས་རིག་གཞུང་འཁྲབ་སྟོན་དང་སྦྲགས། རྒྱ་གར་གྱི་དཔུང་དམག་སྡེ་ཚན་ཚོས་རུ་སྒྲིག་གི་ལམ་ནས་དུས་དྲན་དེ་ཉིད་ལ་ཆེ་མཐོང་གིས་སྲུང་བརྩི་ཞུས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org