བོད་མིའི་སྒྲིག་འཛུཊ་ཀྱིས་རྒྱ་གར་དམངས་གཙོའི་དུས་ཆེན་སྲུང་བརྩི།
བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་ནས་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་འདུག
-
2015-01-26 -
-
-
བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་ནས་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་འདུག
དེ་ཡང་དེ་རིང་ཕྱི་ཚེས་༢༦ཉིན་དེ་ནི་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་དང་། མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༦༦་འཁོར་བའི་དུས་ཆེན་གྱི་ཉིན་མོ་ཞིག་ཡིན་སྟབས་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆེ་ཆུང་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་ལས་བྱེད་རྣམས་མཉམ་འཛོམས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་དང་སྦྲགས་རྒྱ་གར་གྱི་མང་གཙོ་དབུ་བརྙེས་ནས་ལོ་ངོ་༦༦འཁོར་བར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ངོས་ནས་འཚམས་འདྲི་ཞུས་གནང་ཡོད་པ་རེད། ད་དུང་སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་ཨོ་བྷ་མ་མཆོག་རྒྱ་གར་གྱི་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༦༦་འཁོར་བའི་དུས་ཆེན་དེར་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བར་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།
ད་དུང་ཉིན་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གཙང་བཟོའི་ལས་འགུལ་སྤེལ་གནང་བའི་སྐོར་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས།
དེ་རིང་ཕྱི་ཟླ་དང་པོའི་ཚེས་༢༦་དེ་ནི་ཕྱི་ལོ་༡༩༤༧་ལོར་དབྱིན་ཇིའི་མངའ་འོག་ནས་རྒྱ་གར་རང་དབང་རང་བཙན་ཐོབ་པའི་ལོ་གསུམ་གྱི་རྗེས་སམ་༡༩༥༠་ལོར་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབ་གནང་སྟེ་རྒྱ་གར་གྱི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༦༦་འཁོར་བའི་དུས་ཆེན་ཡིན་པ་དང་། དུས་ཆེན་གྱི་མཛད་སྒོའི་དངོས་གཞི་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་སྲུང་བརྩི་ཞུས་སྐབས་ཆར་པ་བབས་ན་ཡང་སྐུ་མགྲོན་གཙོ་བོ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དབུས་པའི་ཕྱི་ནང་གི་དཔོན་རིགས་དང་སྐུ་མགྲོན་རྣམས་ལ་སྲུང་ཆ་དོ་དམ་པོའི་འོག་རྒྱ་གར་གྱི་ས་མཚོ་གནམ་གསུམ་གྱི་དམག་མིའི་རུ་བསྒྲིགས་དང་ས་མཚམས་བདེ་སྲུང་དཔུང་སྡེའི་མཛེས་རྒྱན་སྤྲས་པའི་རྔ་མོང་གི་རུ་བསྒྲིགས་ལ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་མཐེ་བོང་བསྒྲེངས་ནས་ཡག་པོ་ཡོད་པའི་རྣམ་པ་བསྟན་གནང་འདུག རྒྱ་གར་གྱི་སྲིད་བློན་Narendra Modiམཆོག་ནས་རྒྱ་གར་གྱི་མང་གཙོའི་དུས་ཆེན་ཐོག་གྲོགས་པོ་ཨོ་བྷ་མ་ཆེད་ཕེབས་གནང་བར་ཁོང་གིས་མདེལ་འགོག་ཐུབ་པའི་ཤེལ་སྒོའི་ར་སྐྱོར་རྒྱབ་ནས་རུ་བསྒྲིགས་ཁག་གཟིགས་རྒྱུ་ཡིན་སྐོར་Tweet བརྒྱུད་ནས་གནས་ཚུལ་ཐུང་ངུ་ཞིག་སྤེལ་གནང་འདུག ཨོ་བྷ་མ་མཆོག་ནི་རྒྱ་གར་ནང་གཟིགས་སྐོར་ཐེངས་མ་གཉིས་ཕེབས་མཁན་དང་རྒྱ་གར་གྱི་མང་གཙོའི་དུས་ཆེན་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོའི་ཚུལ་དུ་ཕེབས་མཁན་ཨ་རིའི་སྲིད་འཛིན་དང་པོ་དེ་ཡིན་ཞིང་། དེས་ཨ་མེ་རི་ཀས་རྒྱ་གར་དང་འབྲེལ་ལམ་དམ་ཟབ་གཏོང་རྒྱུར་གལ་གནད་ཆེན་པོ་རྩིས་ཀྱི་ཡོད་པ་མཚོན་གྱི་ཡོད་པ་རེད། ཁ་ས་ཕྱི་ཚེས་༢༥་ཉིན་ཨ་རིའི་སྲིད་འཛིན་མཆོག་དང་རྒྱ་གར་གྱི་སྲིད་བློན་རྣམ་གཉིས་ནས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གནང་སྐབས་ཡུལ་གྲུ་གཉིས་དབར་རྡུལ་ཕྲན་མཚོན་ཆའི་སྐོར་གྲོས་མཐུན་བྱུང་བའི་སྐོར་གསལ་བསྒྲགས་གནང་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།