ཆོས་རིག་ལས་ཁུངས་ཀྱིས་ཆོས་སྤྱོད་ཞལ་འདོན་མཉེན་ཆས་གསར་བསྐྲུན་དང་དབུ་འབྱེད།

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་ཆོས་སྤྱོད་ཞལ་འདོན་དང་གནས་ཆེན་ངོ་སྤྲོད་སོགས་འདུས་བའི་མཉེན་ཆས་ཅིག་འགྲེམས་སྤེལ་དབུ་འབྱེད་གནང་སོང་།

ཆོས་རིག་ལས་ཁུངས་ཀྱིས་ཆོས་སྤྱོད་ཞལ་འདོན་མཉེན་ཆས་གསར་བསྐྲུན་དང་དབུ་འབྱེད་སྐབས། ༠༡།༢༧།༢༠༢༣ CTA

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་དྲུག་པས་ཕྱག་ལས་སྣེ་མང་ཞིག་དེང་དུས་ཀྱི་རྩིས་འཕྲུལ་ཐོག་འབེབས་བསྒྱུར་ལས་འཆར་ཡོད་པ་བཞིན། སྤྱི་ཟླ་༡ཚེས་༢༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས། ཞལ་འདོན་མཉེན་ཆས་ཤིག་བཟོ་བསྐྲུན་གནང་སྟེ་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་དབུ་འབྱེད་གནང་སོང་།
མཉེན་ཆས་བཟོ་སྒྲིག་པ་བསྟན་འཛིན་བསམ་གཏན་ལགས་ཀྱིས། མཉེན་ཆས་དེར་བོད་མི་ཚོའི་ཉིན་རེའི་ཆོས་སྤྱོད་ཞལ་འདོན་གྱི་རིགས་དང་། གཟུངས་སྔགས་རྒྱུན་འདོན་གལ་ཆེའི་རིགས་སྒྲ་དང་བཅས་པ། བོད་ཀྱི་དུས་ཆེན་ཁག་ངོ་སྤྲོད་དང་ནང་པའི་གནས་ཆེན་རྣམས་ངོ་སྤྲོད། ཡང་གནས་སྐོར་སྟབས་བདེ་ཡོང་བར་རྒྱུས་སྟོན་གྱི་ས་ཁྲ་བཅས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཆོས་རིག་ལས་ཁུངས་ཀྱིས་མཉེན་ཆས་དེ་དབུ་འབྱེད་གནང་སྐབས་དང་བསྟུན། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཆེད་དུ་གདན་ཞུས་ཀྱིས། ཞལ་འདོན་མཉེན་ཆས་དེའི་དགོས་གལ་གྱི་ཐོག་ལམ་སྟོན་གནང་བཅུག་ཡོད་པར། དགེ་བཤེས་ལྷག་རྡོར་ལགས་ཀྱིས། མཉེན་ཆས་ཀྱི་མཛོད་ཁང་དུ་མཉེན་ཆས་ག་རེ་བཞག་ན་བརྟན་པོ་དགོས་པ་དང་། ཡང་གསར་གཏོད་ཀྱི་ནུས་པས་མི་མང་པོར་ཕན་ཐོགས་འབྱུང་ཐུབ་པ་སོགས་ཀྱི་དགོས་པ་ཡོད་པར་བརྟེན། མཉེན་ཆས་མ་ལག་དེ་ཁུངས་དག་པོ་དང་བདེ་འཇགས་ཡོད་པ། དཀྲོག་རྐྱེན་དང་སྤྱི་ཚོགས་འཆམ་མཐུན་ལ་མི་གནོད་པ་མ་ཟད། མི་སུས་ཀྱང་བེད་སྤྱོད་གཏོང་ཐུབ་པ་སོགས་ཁྱད་ཆོས་ཁ་ཤས་འཛོམས་དགོས་ཀྱི་ཡོད་པས། ཆོས་རིག་ལས་ཁུངས་ནས་ཐབས་ཤེས་གསར་པ་གནང་བ་འདི་ཧ་ལས་པ་ཡག་པོ་རེད་དེ། འཕྲུལ་ཆས་རིགས་བེད་སྤྱོད་ལ་ཚད་འཛིན་དགོས་པ་མ་གཏོགས། འཕྲུལ་ཆས་ལ་གཡེང་དྲགས་ན་དཀའ་ངལ་འཕྲད་ཀྱི་ཡོད་པའང་ཤེས་དགོས་པ་སོགས་ལམ་སྟོན་གནང་ཡོད་པ་རེད།
མཉེན་ཆས་དེའི་མིང་དབྱིན་ཡིག་ནང་(Tibetan prayer app)་ཡིན་པ་དང་། གནས་སྐབས་མཉེན་ཆས་དེ་(Android)་མ་ལག་ནང་དུ་དཀའ་ཚེགས་མེད་འཇུག་ཐུབ་པ་ལས། ཀུ་ཤུ་རྟགས་ཅན་གྱི་(ISO)་མ་ལག་ནང་འཇུག་པར་ཅུང་འགོར་གྱི་ཡོད་འདུག
གཞན་ད་དུང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ནས། ཆོས་རིག་ལས་ཁུངས་ནས་ཕྱོགས་བསྒྲིགས་ཀྱིས་བོད་ཆོལ་གསུམ་གང་སའི་ཆས་གོས་དང་རྒྱན་ཆའི་རིགས་ཀྱི་པར་དེབ་ཞིག་ཀྱང་དབུ་འབྱེད་གནང་ཡོད་ཅིང་། པར་དེབ་དེའི་ནང་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཧ་ཅང་མང་པོའི་ཆས་གོས་མི་འདྲ་བ་སྣ་ཚོགས་དང་། རྒྱན་ཆ་མི་འདྲ་བ་སྣ་ཚོགས་ཀྱི་པར་བཅས་ཀྱི་འདྲ་པར་སྣ་ཚོགས་བཅུག་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org