བོད་ནང་རྒྱ་ནག་གཞུང་གིས་གང་སར་དམ་དྲག་དང་མཉམ་དམག་སྦྱོང་བྱས་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་གང་སར་དམ་དྲག་དང་མཉམ་དུ་དམག་སྦྱོང་རིགས་ཡང་ཡང་བྱེད་བཞིན་ཡོད་འདུག
- 2021-01-13
-
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་གང་སར་དམ་དྲག་དང་མཉམ་དུ་དམག་སྦྱོང་རིགས་ཡང་ཡང་བྱེད་བཞིན་ཡོད་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དམག་སྦྱོང་བྱས་ཡོད་པ་དང་། ད་ལྟའི་ཆར་ལྷ་ས་གཅིག་པུའི་ནང་རྒྱ་མིའི་དམག་སྒར་༢༠ཙམ་ཡོད་པ་བོད་ནང་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ངོ་སྤྲོད་གནང་སོང་། གནས་ཚུལ་དེའི་ཐད་བཞུགས་སྒར་རྡ་རམ་ས་ཆགས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གི་བོད་ཀྱི་ས་ཁུལ་ཁག་ཏུ་དྲག་པོའི་དམག་སྦྱོང་བྱས་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་མ་ཟད། ཉེ་ལམ་ལྷ་སའི་མཁའ་དབྱིངས་སུ་དམག་འཐབ་ཀྱི་ཐད་འཕུར་གནམ་གྲུ་འཕུར་སྐྱོད་བྱས་ནས་དམག་སྤྱོང་བྱས་ཡོད་པ་དེ་ནི་ལྷ་ས་ཁུལ་གྱི་གནས་སྟངས་ནི་ཛ་དྲག་ཡིན་པ་མཚོན་ཐུབ་ཅེས་ངོ་སྤྲོད་གནང་སོང་།
ད་རེས་ལྷ་སའི་ཁུལ་གྱི་དམག་སྦྱོང་དེ་ནི། ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་༢༠༢༠ལོ་དེ་བཞིན་གཏན་འབེབས་གནང་བའི་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་ཞིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་ཁྲིམས་ཡིག་དེ་དང་འབྲེལ་ཨ་རི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་སོགས་ཨ་རིའི་བོད་དོན་ཁྲིམས་ཡིག་གསར་པ་དང་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གནང་སོང་།
ཡང་ཉེ་ལམ་རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་། རྒྱ་ནག་གི་དམག་འཐབ་ཐད་འཕུར་གནམ་གྲུ་ཁག་ཅིག་ལྷ་སའི་མཁའ་དབྱིངས་དང་ཕོ་བྲང་པོ་ཏ་ལའི་སྟེང་འཕུར་བཞིན་ཡོད་པའི་པར་རིས་འགའ་ཁྱབ་པ་དང་འབྲེལ་གནས་ཚུལ་སྐོར་གླེང་སློང་ཤུགས་ཆེར་བྱུང་ཡོད་ཅིང་། ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གི་བོད་ནང་དུ་དམག་སྦྱོང་བྱེད་ཤུགས་ཆེ་རུ་བཏང་པ་དེ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་པ་མ་ཟད། བོད་དེ་དྲག་དམག་གིས་དབང་བསྒྱུར་བྱས་པའི་ས་ཁུལ་ཞིག་ཡིན་པ་དེ་ནས་ངོས་འཛིན་བྱེད་ཐུབ་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ཡང་རྒྱ་གར་གྱི་རྒྱ་ནག་ཐོག་གི་ཉམས་ཞིབ་པ་ཁག་ཅིག་གིས། ད་རེས་རྒྱ་ནག་གཞུང་གིས་ལྷ་སའི་ཁུལ་དུ་དམག་སྤྱོང་བྱས་པ་དེ་བརྒྱུད་ནས་ས་གནས་བོད་མི་ཚོར་བརྡ་ལན་སྤྲོད་ཐབས་བྱེད་བཞིན་པ་ནི། སྤྱི་ལོ་༢༠༠༨ལོའི་ས་བྱི་ཞི་བའི་ངོ་རྒོལ་བཞིན་གནས་ཚུལ་རིགས་ལྷག་པ་ཡིན་ན། དེར་གཞུང་ཕྱོགས་ནས་དྲག་གནོན་བྱ་རྒྱུའི་གྲ་སྒྲིག་ཡོད་པའི་རྣམ་པ་བསྟན་པ་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག