ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་ནང་ནད་ཡམས་ཕོག་མཁན་མང་དུ་འགྲོ་བཞིན་ཡོད་ཀྱང་གནམ་ཐང་ཁག་ད་དུང་སྒོ་རྒྱབ་མི་འདུག

བོད་ཀྱི་རྒྱལ་ས་ལྷ་ས་དང་དེ་མིན་གྱི་ས་ཁུལ་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་གྲངས་འབོར་མང་དུ་འགྲོ་བཞིན་འདུག་ན་ཡང་གོང་དཀར་གནམ་ཐང་ནས་འགྲུལ་པ་འགྲོ་འོང་མུ་མཐུད་བྱེད་བཞིན་པར་བོད་མི་ཚོས་བློ་འཚབ་བྱེད་བཞིན་འདུག

ནད་ཡམས་ཁྱབ་གདལ་གྱི་རྐྱེན་ལྷ་སའི་སྲང་ལམ་ཁག་སྟོང་བར་ཡོད་པ། ༠༨།༠༩།༢༠༢༢ སྤྱི་ཚོགས་དྲ་ལམ།/Weibo
  • ལྷ་ས་གཙོས་ས་ཁུལ་མང་པོར་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་གྲངས་འབོར་འཕར་བཞིན་འདུག
  • ལྷ་སར་ནད་ཡམས་ཀྱི་རྐྱེན་ནང་ཁུལ་བཀག་སྡོམ་བྱེད་བཞིན་ཡོད་ཀྱང་གནམ་ཐང་གི་འགྲོ་འོང་རྒྱུན་ལྡན་ཡིན་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་ཟེར་བ་ཞིག་ཚོགས་ཡོད་པ་དེའི་ཐོག བོད་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་གྲངས་འབོར་ཕྱི་བསྒྲགས་བྱས་པར་གཞིགས་ན། ཕྱི་ཟླ་༨ཚེས་༡༡ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་པ་ཁྱོན་མི་༡༥ བྱུང་འདུག་ཅིང་། དེའི་ཁོངས་སུ་ལྷ་ས་ནས་མི་༤དང་། གཞིས་ཀ་རྩེ་ནས་༨ ལྷོ་ཁ་ནས་༡ ཀོང་པོ་ནས་མི་༢ བཅས་རེད་འདུག ཡང་རིམས་ནད་ཕོག་ཀྱང་ནད་རྟགས་མི་མངོན་པ་མི་གྲངས་༡༠༧བྱུང་འདུག་པའི་ཁོངས་སུ་ལྷ་ས་ནས་༤༡དང་། གཞི་ཀ་རྩེ་ནས་༣༡ ལྷོ་ཁ་ནས་༧ ཀོང་པོ་ནས་༣ མངའ་རིས་ནས་མི་༢༥ བཅས་བྱུང་སྟེ། ད་བར་ཁྱོན་བསྡོམས་ཏོག་དབྱིབས་རིམས་ནད་ཕོག་པའི་གྲངས་འབོར་༡༢༢བྱུང་ཡོད་པ་བརྗོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་བྱེད་མཁན་ཁག་ཅིག་གིས་བརྗོད་པར་གཞིགས་ན། འདས་པའི་ཉིན་གྲངས་འགའ་ཤས་རིང་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་པ་དང་། ཕོ་བྲང་པོ་ཏཱ་ལ་དང་དེ་མིན་གྱི་ཆོས་ཕྱོགས་ཀྱི་ལྟེ་གནས་མང་དག་ཅིག་སྒོ་རྒྱབ་པ། ཕྲུ་གུའི་སློབ་གྲྭ་འགོ་འཛུགས་ཀྱི་དུས་ཚོད་ནར་འགྱངས་བྱས་པ་དང་། གྲོང་ཁྱེར་གྱི་མི་ཚོས་ཁ་རས་དང་ཉིན་གྲངས་མང་པོར་འདེང་བའི་བཟའ་བཅའ་ཉོ་རྒྱུར་བྲེལ་ཟིང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་བརྗོད་བྱུང་ལ། ཡང་མི་གཞན་ཞིག་གིས། ཕྱི་ཚེས་༡༢ནས་ལྷ་ས་གྲོང་ཁྱེར་ཡོངས་རྫོགས་སྒོ་རྒྱག་རྒྱུ་ཡིན་པ་ཡང་བརྗོད་བྱུང་། འོན་ཀྱང་གཞུང་འབྲེལ་གྱི་ཐོག་ནས་ལྷ་ས་གྲོང་ཁྱེར་སྒོ་རྒྱག་རྒྱུའི་གསལ་བསྒྲགས་གང་ཡང་བྱས་མེད་པའི་ཁར། ལྷ་ས་གོང་དཀར་གནམ་ཐང་དུ་འགྲུལ་པ་འགྲོ་འོང་མུ་མཐུད་རྒྱུན་ལྡན་ལྟར་བྱེད་བཞིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་བྱས་འདུག
ཡང་ཟི་ཁྲོན་ཞིང་ཆེན་ནས་ལྷ་སར་གཞུང་ལམ་བརྒྱུད་ཡོང་མཁན་རྒྱ་མི་ཡུལ་སྐོར་བ་ཁག་ཅིག་གིས། ལྷ་སར་བསྐྱོད་སའི་གཞུང་ལམ་ཡོངས་སུ་བཀག་ཡོད་པ་དང་། མུ་མཐུད་དུ་བོད་ནང་ཡོང་ཐབས་བྱེད་རྒྱུ་མེད་པའི་ལམ་སྟོན་བྱེད་བཞིན་པའི་བརྙན་པར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་བཀོད་པ་མཐོང་རྒྱུ་འདུག
ལྷ་སའི་རྒྱ་ནག་གི་དབང་འཛིན་པ་ཚོས་ཉིན་གཉིས་སྔོན་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་གནས་ཚུལ་ཁག་ཡིག་ཐོག་གམ། འདྲ་པར། དེ་བཞིན་བརྙན་པར་གྱི་ལམ་ནས་འགྲེམས་སྤེལ་བྱེད་མི་ཆོག་པའི་དམ་དྲག་ནན་པོ་བྱས་རྗེས། ལྷ་ས་ཁུལ་གྱི་བོད་མི་ཚོས་སྤྱི་ཚོགས་ཟང་ཟིང་ཡོད་པའི་བརྙན་པར་རིགས་བཞག་པ་ཧ་ལམ་མཐོང་རྒྱུ་མེད་པ་ཆགས་འདུག
ལྷ་ས་གོང་དཀར་གནམ་ཐང་བརྒྱུད་ལྷ་ས་ནས་ཕྱིར་ཐོན་མཁན་གྱི་མི་ཚོས་མ་ཐོན་སྔོན་གྱི་ཚོུད་ ༤༨གོང་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱས་ཏེ་རིམས་ནད་མ་འགོས་པའི་དཔང་རྟགས་ངེས་པར་དུ་མཉམ་འཁྱེར་དགོས་ཀྱི་འདུག་ལ། གནམ་ཐང་དུ་འབྱོར་རྒྱུའི་དུས་ཚོད་ཀྱང་ནམ་རྒྱུན་ལས་མང་བ་བཞག་དགོས་པའི་ལམ་སྟོན་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་བོད་མི་ཁག་ཅིག་གིས། དེ་སྔོན་རྒྱ་ནག་ནང་ནད་ཡམས་ཤུགས་ཆེ་ཁྱབ་བཞིན་པའི་སྐབས་རྒྱ་ནག་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུར་ཚད་འཛིན་དམ་དྲག་རྩ་བ་ནས་བྱས་མེད་པ་དང་། བོད་མི་ཚོས་རྒྱ་ནག་ནས་ནད་ཡམས་དེ་བོད་ནང་འཁྱེར་ཡོང་སྲིད་པའི་སེམས་འཚབ་ཆེན་པོ་བྱས་ཡོད་པ་བརྗོད་བྱུང་ལ། ད་ལྟའི་གནས་སྟངས་ཉིན་རེ་ནས་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། འབྱུང་རྒྱུར་ཉིན་ཤས་ནང་གནས་སྟངས་ཇི་ཆགས་ཐད་སེམས་ཁྲལ་ཆེན་པོ་ཡོད་པ་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org