ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་རྩད་གཅོད་ཞིབ་འཇུག་འཕར་མ་དགོས་བའི་འབོད་སྐུལ།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གཙོ་འཛིན་གྱིས་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་ནད་འབུ་བརྟག་དཔྱད་ཁང་ནས་ཁྱབ་གདལ་ཕྱིན་ཡོད་སྲིད་པ་བསྐྱར་དུ་གླེང་ནས་ནད་ཡམས་ཀྱི་འབྱུང་ཁུངས་རྩད་གཅོད་ཞིབ་འཇུག་འཕར་མ་དགོས་བའི་འབོད་སྐུལ་བྱས་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་སྐུ་ཞབས་(Tedros Ghebreyesus)ལགས། ༢།༡༢།༢༡ AFP

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གཙོ་འཛིན་གྱིས་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་ནད་འབུ་བརྟག་དཔྱད་ཁང་ནས་ཁྱབ་གདལ་ཕྱིན་ཡོད་སྲིད་པ་བསྐྱར་དུ་གླེང་ནས་ནད་ཡམས་ཀྱི་འབྱུང་ཁུངས་རྩད་གཅོད་ཞིབ་འཇུག་འཕར་མ་དགོས་བའི་འབོད་སྐུལ་བྱས་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གཙོ་འཛིན་གྱིས་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་ནད་འབུ་བརྟག་དཔྱད་ཁང་ནས་ཁྱབ་གདལ་ཕྱིན་ཡོད་སྲིད་པ་བསྐྱར་དུ་གླེང་སློང་གནང་བའི་རྗེས། ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་རྟོགས་ཞིབ་བྱ་དགོས་པའི་གནོན་ཤུགས་འོག་ཏུ་ཚུད་ཡོད་པ་རེད་འདུག་
དེ་ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡིས་འདི་ཚེས་༣༠ཉིན། (Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ནད་འབུ་བརྟག་དཔྱད་ཁང་ནས་ཁྱབ་གདལ་ཕྱིན་ཡོད་སྲིད་པ་དང་། ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ཐད་ཨ་མི་རི་ཀ་སོགས་ཀྱིས་བློ་འཚབ་གནང་གི་ཡོད་པའི་གནས་ཚུལ་བསྐྱར་དུ་གླེང་བའི་རྗེས། འདི་ཚེས་༣༡རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་ལ་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་ངོ་མ་རྩད་གཅོད་བྱེད་དུ་འཇུག་དགོས་པའི་གནོན་ཤུགས་སྤྲོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱ་ནག་གི་ཆེད་ལས་སྨན་པས་ཏོག་དབྱིབས་ནད་འབུར་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་རེས་གཟའ་མིག་དམར་ཉིན་བཏོན་པའི་ནང་། ཏོག་དབྱིབས་ནད་འབུ་སྨན་རྫས་བརྟག་དཔྱད་ཁང་ནས་ཁྱབ་གདལ་ཕྱིན་པའི་ཚོད་དཔག་བྱས་པ་དེ་ནི་དེ་ཙམ་ངེས་པ་ཆེར་མེད་པ་དང་། (Covid-19)ཏོག་དབྱིབས་ནད་འབུ་དེ་ནི་ཧ་ལམ་སེམས་ཅན་གཞན་ཞིག་བརྒྱུད་ནས་ཙི་ཙི་སྒམ་པོ་འམ་བྱ་ཕ་ཝང་ནས་མི་ལ་འགོས་ཁྱབ་ཕྱིན་ཡོད་པའི་གནས་ཚུལ་བཏོན་པར་། རྒྱ་ནག་གཞུང་གིས་སྙན་ཐོ་དེར་དགའ་བསུ་ཞུས་ཡོད་པ་རེད།
དེ་ནི་རྒྱ་ནག་གཞུང་གིས་དེ་སྔོན་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་རྟོགས་ཞིབ་གནང་མཁན་ཚོ་རྒྱ་ནག་ནང་དུས་ཐོག་ཏུ་ཡོང་མ་བཅུག་པར་དུས་འགྱངས་བྱས་པ་དང་། དེའི་རྗེས་ཞིབ་འཇུག་གི་ལས་དོན་ཐོག་རང་དབང་ཆེར་མེད་པའི་འགོག་རྐྱེན་བཟོས་པའི་རྗེས་ལ་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་རྩད་འཚོལ་བྱས་པའི་སྙན་ཐོ་ཞིག་ཡིན་པ་རེད།
ད་དུང་སྙན་ཐོ་དེའི་ནང་། ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་ནད་འབུ་བརྟག་དཔྱད་ཁང་ནས་ཐོན་པའི་སྐོར་རྒྱ་ནག་གཞུང་གིས་མཐའ་ཅིག་ཏུ་ངོས་ལེན་མི་བྱེད་པའི་གནས་ཚུལ་གསལ་བཏོན་བྱས་ནས། ཏོག་དབྱིབས་ནད་འབུ་ཐོག་མར་ཐོན་ཡུལ་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ནས་ཕལ་ཆེར་ཁྱབ་གདལ་སོང་བའི་རྐྱེན་དུ་གྱུར་བ་ཡིན་སྲིད་པའི་སྐོར་བཏོན་ཡོད་པ་མ་ཟད། རེས་གཟའ་མིག་དམར་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་སྐུ་ཞབས་(Tedros Ghebreyesus)ཡིས། ཏོག་དབྱིས་ནད་འབུ་ཐོག་མར་རྒྱ་ནག་གི་ནད་འབུ་བརྟག་དཔྱད་ཁང་ནས་ཐོན་ཡོད་སྲིད་པའི་འདོད་ཚུལ་དེ་བསྐྱར་དུ་གླེང་སློང་གནང་བའི་ཁར། ཁོང་གིས་འདི་ལོའི་ཕྱི་ཟླ་དང་པོའི་ནང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྨན་དོན་མཁས་པའི་རུ་ཁག་གིས། རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནང་ཏོག་དབྱིབས་ནད་བུའི་འབྱུང་ཁུངས་རྟོགས་ཞིབ་གནང་བའི་རིང་། རྒྱ་ནག་གཞུང་གིས་མཐུན་འགྱུར་དང་རོགས་འདེགས་འདོད་བློ་ཁེངས་པ་མ་བྱས་པའི་ཐོག་ལ་བློ་འཚབ་ཀྱི་གནས་ཚུལ་གླེང་ཡོད་པ་རེད།
ད་དུང་ཁོང་གིས་། རྒྱ་ནག་ནང་རྟོགས་ཞིབ་ཏུ་ཕེབས་མཁན་གྱི་སྨན་དོན་མཁས་པའི་རུ་ཁག་དང་བཀའ་བསྡུར་བྱུང་བའི་སྐབས། ཁོང་ཚོས་རྒྱ་ནག་ནང་ཞིབ་འཇུག་བྱས་པའི་རིང་། རྒྱ་ནག་གཞུང་གིས་རྒྱུས་མངའ་མེད་པའི་ལས་གཞི་ཞིབ་འཇུག་བྱ་རྒྱུར་མཐུན་འགྱུར་ཡག་པོ་མ་བྱས་པའི་དཀའ་ངལ་བྱུང་ལུགས་གསུངས་བྱུང་། ཞེས་གསལ་བཏོན་གནང་བ་མ་ཟད། ཁོང་གིས། མ་འོངས་པའི་ཞིབ་འཇུག་གི་ལས་དོན་ནང་རྒྱ་ནག་གཞུང་གིས་ངེས་པར་དུ་དུས་ཐོག་གནས་ཚུལ་ཁྱོན་ཡོངས་མཁོ་འདོན་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཡང་ཁོང་གིས། སྨན་དོན་མཁས་པའི་རུ་ཁག་གི་སྙན་ཐོའི་མཇུག་བསྡོམས་སུ། ཏོག་དབྱིབས་ནད་འབུ་དེ་ཐོག་མར་ནད་འབུ་བརྟག་དཔྱད་ཁང་ནས་ཐོན་ཡོད་སྲིད་པའི་གནས་ཚུལ་དེ་ནི། དམའ་མཐར་ཡང་ཡིན་སྲིད་པའི་ཞིབ་འཇུག་ཞིག་ཡིན་སྟབས་དེ་གཏན་འཁེལ་ཡོང་བའི་ཞིབ་འཇུག་འཕར་མ་དགོས་གལ་ཆེ་བའི་སྐོར་གསུངས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org