རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་མཁན་ཇེ་མང་དུ་སོང་འདུག
རྡ་སྟེང་བོད་ཁྱིམ་དུ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་༢༢་ཐོན་ཡོད་པ་དང་འདས་བའི་ཉིན་ཤས་ནང་རྒྱ་གར་རྒྱལ་ཡོངས་སུ་བོད་མི་༨༤་ལ་ཏོག་དབྱིབས་ནད་རྟགས་ཐོན་འདུག
- 2021-11-22
-
-
-
ཉེ་ལམ་བཞུགས་སྒར་རྡ་རམ་ས་ལའི་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་༢༠་ལ་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་(Covid-19)་ཀྱི་ནད་རྟགས་ཐོན་ཏེ། ས་གནས་རྒྱ་གར་ཀང་ར་རྫོང་གི་བཀའ་རྒྱ་གཞིར་བཟུང་བཀག་རྒྱའི་ས་ཚིགས་སུ་བསྒྲགས་ཡོད་ཅིང་། སྤྱི་ཟླ་༡༡་པའི་ཚེས་༢༢་ཉིན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ཀྱིས། འདས་བའི་ཉིན་ཤས་རིང་རྡ་རམ་ས་ལའི་ཏོག་དབྱིབས་ནས་ཡམས་འགོས་ཡོད་པའི་ནད་པའི་གྲངས་འབོར་༢༨་དུ་འཕར་ཡོད་ནའང་། ད་ལྟ་ནད་པ་༢༢་སུ་མར་ཆགས་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་སུ་བཙན་བྱོལ་བོད་མི་༨༤་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་དང་། རྡ་རམ་སཱ་ལར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཅིག་དང་ནོར་བུ་གླིང་ཁར་བཞུགས་མཁན་གཅིག་བཅས་སྣེ་ལེན་ཁང་དུ་ཟུར་བཀག་གིས་བཞག་ཡོད་པ་གཉིས་བསྣན་ན། ད་ལྟ་རྡ་རམ་ས་ལར་ཁྱོན་བསྡོམས་པས་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་པ་༢༤་ཡོད་པ་དང་། ལ་དྭགས་སུ་༣༤་དང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཁུལ་དུ་༢༢་བཅས་མང་ཤོས་ཀྱི་ས་གནས་ཁག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས་བར་ལམ་རྒྱ་གར་གྱི་ཚགས་ཤོག་ཁག་གི་སྟེང་། ཕྲུ་གུ་ལོ་ཆུང་ལོ་༡༧་མར་འདབས་ཚོར་གཞུང་གི་ངོས་ནས་འགོག་ཁབ་གྲ་སྒྲིག་གི་གནས་ཚུལ་ཅིག་ཐོན་པར་བརྟེན། ང་ཚོས་འདས་པའི་ཉམས་མྱོང་ལ་གཞིགས་ཏེ། གཞུང་གི་ངོས་ནས་མཐུན་འགྱུར་ཡོད་ན་ཡག་ཤོས་དང་མེད་པ་ཡིན་ན། འཕྲོད་བསྟེན་དང་སྒེར་བ་ལ་འབོད་སྐུལ་ཞུས་ནས་ཁབ་རྒྱག་ཐུབ་པའི་ཆེད། ས་གནས་ཁག་ནས་གྲངས་ཐོ་བསྡུས་ནས་སྒུག་བསྡད་ཡོད་པ་གསུངས་བྱུང་།
རྡ་སྟེང་བོད་ཁྱིམ་སློབ་གྲྭ་བཀག་རྒྱའི་འོག་བཞག་ཡོད་ནའང་། དགེ་རྒན་རྣམ་པས་ནང་སྦྱོང་དང་ལམ་སྟོན། སློབ་ཕྲུག་གི་རང་སྦྱོང་བཅས་རྒྱུན་མཐུད་དུ་འགྲོ་བཞིན་ཡོད་འདུག
གཞན་ཡང་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ནས། བོད་མི་སུད་ཚོང་བ་སོགས་ས་གནས་གང་སར་འགྲུལ་བཞུད་པ་ཚོས། ལག་པ་ཐེངས་མང་འཁྲུད་དགོས་པ་དང་། ཁ་རས་དུས་རྒྱུན་གྱོན་ཐུབ་པ་ཡིན་ན་ཏོག་དབྱིབས་ནད་ཡམས་ཙམ་མ་ཟད། ཆམ་རིམས་རིགས་སྣ་ཚོགས་སྔོན་འགོག་ལ་ཕན་ཐོགས་འབྱུང་གི་ཡོད་ཁར། གཞིས་ཆགས་སུ་ཕྱི་ནས་འཛུལ་སྐབས་བརྟག་དཔྱད་ཡག་པོ་གནང་སྟེ་འགྲོ་ཐུབ་ན། ས་གནས་ཀྱི་འབྲེལ་ཡོད་ལ་སྟབས་བདེ་དང་སོ་སོའི་ནང་མི་བུ་ཕྲུག་ལ་སྲུང་སྐྱོབ་ཆེད་ཐུགས་ཕན་སོས་པ་རེད་ཅེས་ལམ་སྟོན་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་འདས་བའི་བདུན་ཕྲག་གི་གྲངས་ཐོ་ལྟར་ན། རྒྱ་བལ་གཉིས་སུ་བོད་མི་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་༦༨༥༩་བྱུང་བའི་ཁྲོད། དྲག་སྐྱེད་ཟིན་པ་༦༦༢༣་དང་། རྐྱེན་འདས་སུ་ཕྱིན་པ་༡༥༨། ཏོག་དབྱིབས་ནད་ཡམས་མནར་བཞིན་པ་༧༨དང་། དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་༤༥༨༠༡་དང་། འགོག་ཁབ་དང་པོ་བརྒྱབ་ཟིན་པ་མི་གྲངས་༤༥༨༢་ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་༦༩༨༠་ཡོད་འདུག་ཅིང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་༤༨་ཙམ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།