བོད་ནང་མི་རིགས་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་ལ་ཨ་རིའི་གྲོས་ཚོགས་འཐུས་མི་ཀིརསི་སིམིཐ་ལགས་ཀྱིས་སྐྱོན་བརྗོད།

ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོསི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ཀིརསི་སིམིཐ་ Chris Smith ལགས་ཀྱིས་བོད་དང་ཤིན་ཅང་ནང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་མཁན་རྒྱ་ནག་རྒྱལ་ཁབ་ནང་དགུན་དུས་ཨོ་ལོམ་པོཀསི་རྩེད་འགྲན་གྱི་མགྲོན་བདག་བྱེད་བབ་མེད་པ་གསུངས་པ།

སྐུ་ཞབས་ Chris Smith  ལགས་ནི་འགྲོ་བ་མིའི་ཐོབ་ཐང་ཐད་ཧ་ཅང་གི་དོན་གཉེར་ཆེན་པོ་གནང་མཁན་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་དང་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ཡིན་ཞིང་། ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་དམིགས་བསལ་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་ཨོ་ལིམ་པིཀསི་རྩེད་འགྲན་གནས་སྤོ་བྱ་རྒྱུར་ཐབས་བྱུས་ལྡན་ལ་རྣོ་ངར་ཆེན་པོས་ལས་དོན་སྤེལ་དགོས་པ་གསུངས་ཡོད་པ་རེད། ཁོང་གིས་ཝི་གུར་དང་ཀཛ་སོགས་གྲངས་ཉུང་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྡུག་རྩུབ་ཧ་ཅང་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་ཡུལ་གྱི་ཡུལ་གྲུ་དེའི་ནང་ཨོ་ལིམ་པིཀསི་ཀྱི་རྩེད་འགྲན་དེ་བསྐོང་འཚོགས་བྱེད་ན་འགྲིག་ཐབས་མེད་པ་དང་།  འདི་ནི་ ༡༩༣༦ ལོའི་ན་ཛི་ཨོ་ལོམ་པིཀིསི་ཀྱི་ལོ་རྒྱུས་དང་མཚུངས་པ་ཞིག་ཆགས་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ཇར་མན་ཧིཊ་ལར་ནཱ་ཛི་གཞུང་གིས་འཇཱུ་མི་རིགས་ས་ཡ་མང་པོ་དམར་བསད་བཏང་བའི་ལས་འགུལ་སྤེལ་མུས་སུ་ཇར་མན་ནང་ ༡༩༣༦ ལོར་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་དེ་ཚོགས་ཡོད་པ་རེད།

 སྐུ་ཞབས་ Chris Smith  ལགས་ཀྱིས་ཤིན་ཅང་ནང་འབྱུང་བཞིན་པ་དེ་ནི་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ཡིན་པ་དོགས་པ་མེད་པར་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་པོམ་པེཡོ་དང་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀས་གཉིས་ཀས་ངོས་འཛིན་གནང་པ་དང་། ད་ཆ་དེ་དོན་ཡིན་པ་བརྗོད་མཁན་ཡུལ་གྲུ་གཞན་གྱི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསུངས་ཡོད་པ་རེད། 

ཁོང་གིས་ཚིག་ཐག་ཆོད་པོའི་ཐོག་ནས་གལ་ཏེ་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་གི་ལངས་ཕྱོགས་ལ་འགྱུར་བ་རྩ་བ་ནས་མ་བཏང་པར་ང་ཚོའི་ཞུ་གཏུགས་ལ་གྲུབ་འབྲས་མ་སོན་ཚེ། ང་ཚོས་རྩེད་འགྲན་ནང་མཉམ་ཞུགས་མི་བྱེད་པར་ཕྱིར་འཐེན་བྱེད་དགོས་ཀྱི་རེད་ཅེས་གསུངས་ཀྱི་འདུག

སྐུ་ཞབས་ Chris Smith  ཀིརིས་ལགས་ནི་ད་བར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བཞག་པའི་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཧ་ལམ་ཡོངས་རྫོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ། སྤྱི་ཡོངས་སུ་རྒྱ་ནག་གཞུང་གིས་རྒྱ་ནག་གི་མངའ་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚོའི་ཐོག་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡེལ་བཤིག་གཏོང་བཞིན་པར་ནུས་ཤུགས་གང་ཡོང་ཀྱི་ཐོག་ནས་ངོ་རྒོལ་གནང་མཁན་ཞིག་ཀྱང་ཡིན་པ་རེད།

ཁོང་གིས་བོད་མིའི་ཐོག་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་གནང་ཞིང་། བོད་ནང་རྒྱ་ཧན་མི་རིགས་འབོར་ཆེན་སྤོ་བཞུད་བྱས་པ་དང་།  བོད་པའི་བེུད་རྣམས་ལ་བཙན་གྱིས་སྐྱེས་སྒོ་བཀག་སྟེ་ད་ལྟ་ཡུ་གུར་མི་རིགས་ཐོག་ལག་བསྟར་བྱེད་པ་དང་ཧ་ཅང་འདྲ་མཚུངས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ནས་མི་འབོར་ཚོད་འཛིན་བྱེད་ཀྱི་ཡོད་པ་གསུངས་ཤིང་།  ཁོང་གིས་བོད་མི་ཚོར་རང་གི་འདོད་མོས་ལྟར་ཆོས་ལུགས་དད་མོས་བྱེད་དབང་མེད་པ་དང་།  ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ངོས་འཛིན་གནང་པའི་པཎ་ཆེན་རིན་པོ་ཆེ་གར་སོང་ཆར་མེད་བཟོས་པ།   ལྷག་པར་དུ་རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་པའི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་ཁོང་ཚོར་ཡོད་ལུགས་བརྗོད་བཞིན་པ་ནི་ཁུངས་ལུང་མེད་པ་ཞིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

སྐུ་ཞབས་ Chris Smith  ལགས་ཀྱིས་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཁོང་བོད་མིའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་དྲ་ལམ་བརྒྱུད་བཀའ་མོལ་བྱུང་བ་དང་སླར་ཡང་ཁོང་དང་མཇལ་མོལ་ཡོང་རེ་ཡོད་པ་གསུངས་པ་དང་སྦྲགས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་བཟང་ཕྱོགས་ཀྱི་རེ་བའི་ཆོད་སེམས་ལ་བསྔགས་བརྗོད་གནང་གི་འདུག  ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ Chris Smith  ལགས་ཀྱིས་བཙན་བྱོལ་བོད་གཞུང་གིས་ལས་དོན་ཡག་པོ་མང་པོ་རྩོམ་བཞིན་ཡོད་པ་སྨོས་མེད་ཀྱང་། ཁོང་ཚོར་ཨ་རིས་རྒྱབ་སྐྱོར་གནང་དགོས་པ་གསུངས་བྱུང་། ཤེས་རྟོགས་བྱུང་བར་ལྟར་ན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཐོག་ཕྱི་ཟླ་ ༧ ཚེས་ ༢༩ སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དྲ་ཐོག་ངོ་སྤྲོད་ཚོགས་འདུ་ཞིག་གནང་འདུག་ཅིང་། དེའི་ནང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱུན་ལས་ཀྱི་གཙོ་འཛིན་རི་ཆརཌ་གྷིཡར་ལགས་དང་། གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་ཁག་ཅིག་མཉམ་བཞུགས་གནང་འདུག

རིང་མིན་གྲོས་ཚོགས་ཀྱི་འཐུས་མི་ Chris Smith  ལགས་ཀྱི་ངོས་ནས་བོད་དོན་ཉན་ཞིབ་ཞིག་གནང་རྒྱུུ་དང་། ལྷག་པར་དུ་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་མཉམ་སྦྱར་དགོས་པའི་གྲོས་ཆོད་གྲོས་འཆར་ཞིག་ཀྱང་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

 

གསར་འགོད་པ།  སྐལྡན་བློ་གྲོས།  བཀྲིས་དབང་ཕྱུག

དྲ་ཐོག་རྩོམ་སྒྲིག་པ།  སྐལྡན་བློ་གྲོས།   

དྲ་ཐོག་སྤེལ་མཁན་དང་བརྙན་པར་སྒྲིག་སྦྱོར་བ།  ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org