བོད་དོན་ཐོག་རོགས་དངུལ་བསྐྱར་གསོ་གནང་རྒྱུའི་གྲོས་འཆར།
ཨ་རིའི་གྲོས་ཚོགས་འཐུས་མིས་ཨ་རིའི་གཞུང་གིས་བོད་དོན་ཐོག་རོགས་དངུལ་བསྐྱར་གསོ་གནང་རྒྱུའི་གྲོས་འཆར་སྙན་ཐོ་བཏོན་འདུག
-
2017-07-20 -
-
-
ཨ་རིའི་གྲོས་ཚོགས་འཐུས་མིས་ཨ་རིའི་གཞུང་གིས་བོད་དོན་ཐོག་རོགས་དངུལ་བསྐྱར་གསོ་གནང་རྒྱུའི་གྲོས་འཆར་སྙན་ཐོ་བཏོན་འདུག
ཕྱི་ཚེས་ ༢༠ ཉིན་དཔལ་འབྱོར་དུས་བབ་ཐོག་གནས་ཚུལ་སྤེལ་བར་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་སྔོན་རྩིས་ཚོགས་ཆུང་ནས་ཨ་རིའི་གཞུང་གིས་བོད་དོན་ཐོག་རོགས་དངུལ་བསྐྱར་གསོ་གནང་རྒྱུར་མོས་མཐུན་གྲོས་འཆར་བཏོན་འདུག
ཨ་རིའི་སྲིད་འཛིན་གསར་པ་(Donald Trump)་མཆོག་གི་སྲིད་གཞུང་ ནས་༢༠༡༨་ནས་༢༠༡༩འི་སྔོན་རྩིས་འཆར་འབུལ་ནང་། བོད་ནང་གི་རོགས་དངུལ་ཡོངས་སུ་གཅོག་ཆ་གནང་རྒྱུ་བཀོད་དེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རིའི་གཞུང་གསར་པས་བོད་དོན་ཐོག་བཟུང་བའི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཞིག་བཏང་པའི་བློ་འཚབ་བྱུང་ཡོད་ན་ཡང་། ཨ་རིའི་གྲོས་ཚོགས་འོག་མའི་སྔོན་རྩིས་ལས་འཆར་ཚོགས་ཆུང་གིས་བོད་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་མུ་འཐུད་རྒྱབ་སྐྱོར་དགོས་རྒྱུ་མ་ཟད། ལས་དོན་དེ་དག་ལ་རྒྱབ་སྐྱོར་ཆེད་ཀྱི་རོགས་དངུལ་གྱི་ཚད་གཞི་ཡང་ཕྱི་ལོ་༢༠༡༧་ལོའི་སྔོན་རྩིས་བཀའ་ཁྲོལ་ལས་ཉུང་དུ་གཏོང་རྒྱུ་མིན་པ་བརྗོད་ཡོད་པ་རེད།
ཨ་རིའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་(Nancy Pelosi)་མཆོག་ནས་ཀྱང་གཞུང་གི་ཐག་གཅོད་དེར་སེམས་འཚབ་ཆེན་པོ་གནང་ཡོད་པ་རེད། འོན་ཀྱང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དེ་ནི་བྱེད་དཀའ་བའི་ཐག་གཅོད་ཞིག་ཡིན་པ་བརྗོད་ཅིང་། ཨ་རིའི་སྲིད་གཞུང་གི་སྔོན་རྩིས་འཆར་འབུལ་ནང་ཕྱི་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཀྱི་རྩ་འབོར་བརྒྱ་ཆ་ ༢༨ ་ཙམ་གཅོག་ཆ་བྱས་ཡོད་པ་རེད།
དེ་བཞིན་ཨ་རིའི་ ༢༠༡༨ ་ནས་༢༠༡༩་སྔོན་རྩིས་བཀའ་ཁྲོལ་ནང་གྲོས་ཚོགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རྒྱང་སྲིང་རླུང་འཕྲིན་གཉིས་ཀའི་བོད་སྐད་སྡེ་ཚན་མུ་འཐུད་གནས་དགོས་པའི་སློབ་སྟོན་གནང་ཡོད་འདུག་ཅིང་། དེ་བཞིན་བོད་ནང་རིག་གཞུང་སྲུང་སྐྱོབ་དང་། སྤྱི་ཚོགས་འཛུགས་བསྐྲུན་ཆེད་ཨ་སྒོར་ས་ཡ་བརྒྱད་ཀྱི་རོགས་དངུལ་མུ་མཐུད་གནང་རྒྱུ་གྲོས་ཚོགས་ཀྱི་སློབ་སྟོན་སྙན་ཐོའི་ནང་བཀོད་ཡོད་པར་མ་ཟད། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འཕེལ་རྒྱས། ཚོང་ལས་སོགས་ལ་རྒྱབ་སྐྱོར་ཆེད་ཨ་སྒོར་ས་ཡ་དྲུག་གི་རོགས་རམ་གནང་དགོས་པ་གྲོས་ཚོགས་ཀྱི་སྙན་ཐོ་དེའི་ནང་བཀོད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།