ཨ་རིའི་བྷོ་སུ་ཊོན་གྱི་(Tufts)་གཙུག་ལག་སློབ་གྲྭས་ཁུང་ཙི་སློབ་གཉེར་ཁང་སྒོ་རྒྱག་གཏན་འཁེལ་འདུག

ཨ་རིའི་བྷོ་སུ་ཊོན་གྲོང་ཁྱེར་ནང་གི་གཙུག་ལག་སློབ་གྲྭ་ཆེན་མོ་གྲགས་ཅན་(Tufts)་ནང་རྒྱ་ནག་གཞུང་གིས་རྒྱུ་གྲོན་གཏོང་བཞིན་པའི་ཁུང་ཙི་སློབ་གཉེར་ཁང་སྒོ་རྒྱག་རྒྱུ་ཐག་གཅོད་བྱས་འདུག

ཨ་རིའི་བྷོ་སུ་ཊོན་གྱི་(Tufts)གཙུག་ལག་སློབ་གྲྭའི་ཁུང་ཙི་སློབ་གཉེར་ཁང་གི་མདུན་ངོ་རྒོལ། ༣།༢༠༢༡ Tenzin Yangzom/FB

ཨ་རིའི་(Massacusetts)མངའ་སྡེའི་(Boston)གྲོང་ཁྱེར་ནང་ཡོད་པའི་(Tufts)གཙུག་ལག་སློབ་གྲྭ་ཆེན་མོས་སློབ་གཉེར་ཁང་དེའི་ནང་ཡོད་པའི་ཁུང་ཙི་ཤེས་ཡོན་ལྟེ་གནས་(Confucious Institute)ཟེར་བ་སྒོ་རྒྱག་རྒྱུ་ཡིན་འདུག
ཁུང་ཙི་ཤེས་ཡོན་ལྟེ་གནས་སམ་(Confucious Institute)ཅེས་པ་ནི། ཨ་རིའི་མཐོ་རིམ་སློབ་གྲྭ་བརྒྱ་ཕྲག་ལྷག་ནང་། རྒྱ་ནག་གཞུང་གིས་མཐུན་འགྱུར་འགྲོ་གྲོན་བཏང་ནས་བཙུགས་ཡོད་པ་ཞིག་ཡིན་ཞིང་། འདས་པའི་ལོ་ཤས་ནང་ཤེས་ཡོན་ལྟེ་གནས་ཁང་དེའི་ལས་དོན་བྱེད་ཕྱོགས་དང་དམིགས་ཡུལ་བཅས་ཀྱི་ཐད་དོགས་གཞི་རིམ་པ་བྱུང་ནས། ད་བར་ཨ་རིའི་མཐོ་རིམ་སློབ་གྲྭ་༢༠ལྷག་གིས་ཁུང་ཙི་ཤེས་ཡོན་ལྟེ་གནས་ཁུ་བསྡུ་བྱས་ཡོད་པ་རེད།
གནས་ཚུལ་ནང་གསལ་ལྟར་ན། གོང་གི་(Tufts)གཙུག་ལག་སློག་གཉེར་ཁང་གིས་རྒྱ་ནག་གཞུང་དང་མཉམ་གན་རྒྱ་བཞག་ནས་གཙུག་ལག་སློབ་གྲྭའི་རིག་གནས་སྡེ་ཚན་གྱི་ཁྱབ་ཁོངས་སུ། ཁུང་ཙི་ཤེས་ཡོན་ལྟེ་གནས་ཅེས་པ་དེ་༢༠༡༥ལོར་གསར་འཛུགས་བྱས་ཡོད་འདུག འོན་ཀྱང་སྔ་ལོ་༢༠༢༠ནས་བཟུང་བྷོ་སུ་ཊོན་(Boston)གྲོང་ཁྱེར་ཁུལ་དུ་ཡོད་པའི་བོད་རིགས་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ས་གནས་ཀྱི་ཧོང་ཀོང་བ་དང་། ཐེ་ཝན། ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་བ་སོགས་ཀྱིས་མཉམ་རུམ་ཐོག ཁུང་ཙི་ལྟེ་གནས་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འདོད་ཕྱོགས་བསྒྲུབ་བཞིན་པ་དང་། རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་བོད་དང་། ཤིན་ཅང་གཙོས་པའི་གྲངས་ཉུང་མི་རིགས་དང་། རང་དབང་དང་དམངས་གཙོ་བཅས་ཀྱི་སྐོར་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་དང་། ལྟེ་གནས་ཁང་དེའི་བྱ་སྤྱོད་ངོས་འཛིན་གྱིས་སྒོ་རྒྱག་དགོས་བའི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་རེད།
འདི་ཚེས་༡༧རེས་གཟའ་ལྷག་པའི་ཉིན་(Tufts)གཙུག་ལག་སློག་གྲྭའི་གཙོ་འཛིན་(James Glaser)ལགས་ཀྱིས། གཙུག་ལག་སློབ་གྲྭའི་དགེ་ལས་ཡོངས་ལ་མྱུར་འཕྲིན་བརྒྱུད་ཁུང་ཙི་ཤེས་ཡོན་ལྟེ་གནས་དེ་སྒོ་རྒྱག་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་རེད།
གནས་ཚུལ་ནང་གསལ་ལྟར་ན། ༢༠༡༩ལོར་ཨ་རིའི་གྲོས་ཚོགས་གོང་མའི་ཞིབ་འཇུག་གི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་ཨ་རིའི་གཞི་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་བརྒྱ་སྐོར་ལྷག་གི་ནང་། ཨ་སྒོར་ས་ཡ་༡༥༨ཙམ་གྱི་མ་དངུལ་བཏང་ནས་ཁུང་ཙི་ཤེས་ཡོན་ལྟེ་གནས་བཙུགས་ཡོད་པ་གསལ་འདུག་ལ། སྔ་ལོ་ཨ་རིའི་སྲིད་འཛིན་གོང་མ་(Donald Trump)གྱི་གཞུང་འཛིན་སྐབས། ཕྱི་སྲིད་དྲུང་ཆེ་(Mike Pompeo)ལགས་ཀྱིས་ཁུང་ཙི་ལྟེ་གནས་ཅེས་པ་དེ། རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ལྟར་ཕྱི་འབྲེལ་ཚན་པ་དང་ཁྱད་མེད་ངོས་འཛིན་གྱིས་གཞུང་འབྲེལ་དེབ་སྐྱེལ་བྱེད་དགོས་པ་བཀོད་ཁྱབ་བཏང་ཡོད་པ་རེད།
ད་རེས་(Tufts)གཙུག་ལག་སློབ་གཉེར་ཁང་ནས་ཁུང་ཙི་ལྟེ་གནས་སྒོ་རྒྱག་རྒྱུའི་ཐག་གཅོད་མ་བྱས་གོང་། བདུན་ཕྲག་མང་པོའི་རིང་། ས་གནས་ཀྱི་བོད་མི་དང་ཧོང་ཀོང་བ། ཐེ་ཝན། ཡུ་གུར་བ་ལ་སོགས་པས་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བ་མ་ཟད། ལས་འགུལ་དེའི་ནང་(Tufts)གཙུག་ལག་སློབ་གྲྭ་ཆགས་ཡུལ་(Somerville)གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་དང་། གྲོང་ཁྱེར་གྱི་སློབ་གསོའི་ལས་དོན་ཚོགས་ཆུང་གི་ཚོགས་མི་སོགས་མཉམ་ཞུགས་བྱས་ནས་ཁུང་ཙི་ལྟེ་གནས་ཁུ་བསྡུ་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་པའི་སྐོར་(Boston)གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་དོན་ལྟེ་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་གསུངས་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org