རྒྱ་ནག་གཞུང་གིས་བོད་ནང་དམར་ཤོག་ཚོགས་མི་རྒྱ་བསྐྱེད་དང་དགོན་སྡེ་ཁག་ལ་དོ་དམ།
རྒྱ་ནག་གཞུང་གིས་བོད་ནང་དམར་ཤོག་ཚོགས་པའི་ཚོགས་མི་ཇེ་མང་རྒྱ་བསྐྱེད་དུ་གཏོང་བ་དང་དགོན་སྡེ་ཁག་ལ་དོ་དམ་ཇེ་ཆེར་གཏོང་བཞིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གསུང་འདུག
-
2020-10-08 -
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་བོད་ནང་དམར་ཤོག་ཚོགས་པའི་ཚོགས་མི་ཇེ་མང་རྒྱ་བསྐྱེད་དུ་གཏོང་བ་དང་དགོན་སྡེ་ཁག་ལ་དོ་དམ་ཇེ་ཆེར་གཏོང་བཞིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གསུང་འདུག
རྒྱ་ནག་གཞུང་གིས་གཞི་རིམ་བཅོས་སྐྱོང་གི་འགག་རྩར་དམ་འཛིན་ནན་པོ་བྱེད་པ་ཟེར་བའི་སྲིད་བྱུས་ཀྱི་ལམ་ནས། གཞི་རིམ་ཏང་ཡོན་གྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་དགོས་དང་། རྒྱ་ཆེའི་གཞི་རིམ་ཏང་ཡོན་ཚོར་ལས་ཀའི་རྣམ་འགྱུར་དེ་བས་ཡག་པོའི་ཐོག་ནས་ལས་དོན་ཁག་ནང་ཞུགས་རྒྱུའི་སྐུལ་འདེད་གཏོང་དགོས་པ་སོགས། ཀྲུང་གོའི་བོད་ལྗོངས་དྲ་ཐོག་ཏུ་འཁོད་ཡོད་པ་བཞིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་བརྟན་ལགས་ནས། བོད་རང་སྐྱོང་ལྗོངས་ཀྱི་ནང་སྤྱི་ལོ་༢༠༡༦ལོར་དམར་ཕྱོགས་ཚོགས་མི་འབུམ་གསུམ་དང་ཁྲི་བཞི་ལྷག་ཡོད་པ་ལས། འབུམ་གཉིས་དང་ཁྲི་བརྒྱད་ལྷག་གྲངས་ཉུང་མི་རིགས་ཡིན་པ་དང་། ཞིང་འབྲོག་ཁུལ་ནས་ཆིག་འབུམ་བརྒྱད་ཁྲི་ལྷག་ཡོད་པ་སོགས། བོད་ནང་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་མི་ཇེ་མང་རྒྱ་བསྐྱེད་དུ་གཏོང་བཞིན་འདུག་ཅེས་དང་། རྒྱ་ནག་དམར་ཤོག་ཚོགས་མིའི་གྲངས་འབོར་ནི་འགོ་སྟོད་ས་ཡ་ལྔ་ཙམ་ལས་མེད་ནའང་། ད་ཆ་ས་ཡ་༨༩ནས་༩༠བར་གྲངས་འབོར་འཕར་ཡོད་པ་རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་བརྒྱ་ཆ་༦ནས་༧བར་ཟིན་ཡོད་ཅིང་། དམར་ཤོག་ཚོགས་མི་མང་དུ་འགྲོ་བ་ནི་བོད་ཙམ་མིན་པར་རྒྱ་ནག་རྒྱལ་ཡོངས་སུ་འཕེལ་འགྲོ་བཞིན་པས། སྤྱི་ཚོགས་ནང་དཔལ་འབྱོར་གྱི་ཤུགས་རྐྱེན་དང་ལྷག་པར་རྒྱ་ནག་གཞུང་གི་སྒྲིག་འཛུགས་ཁག་གིས་མཚོན། ཏང་གི་འབྲེལ་ཡོད་སྡེ་ཚན་ལ་ཞུགས་པར་ཡིག་ཚད་གཏོང་དགོས་པའི་ཐོག དམར་ཤོག་ཚོགས་མི་ཡིན་དགོས་པའི་ཆ་རྐྱེན་འཇོག་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེའི་ཟླ་བ་ལགས་ནས། བོད་རིགས་དམར་ཤོག་ཚོགས་པའི་ཚོགས་མི་དང་བགྲེས་ཡོལ་གྱི་ལས་བྱེད་པ་ཚོ་ས་ག་ཟླ་བར་བཅར་མི་ཆོག་པ་སོགས། ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ཐོག་བཀག་སྡོམ་བྱེད་བཞིན་པའི་ཐོག གལ་ཏེ་འཛུལ་ཞུགས་ཀྱི་གནས་ཚུལ་ལྷག་ན་ཆད་པ་གཅོད་པ་དང་གླ་ཆ་གཅོག་པ་སོགས་ནི། མི་རིགས་དབྱེ་འབྱེད་ཡིན་ཅེས་དང་། རྒྱ་ནག་གཞུང་གིས་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་བ་ནས་བཟུང་། དམར་ཤོག་ཚོགས་མི་ཧ་ཅང་མང་པོ་ཞིང་འབྲོག་པ་མང་ཚོགས་དང་། རྫོང་དང་གྲོང་ཚོ་རིམ་པ། སྡེ་བ་ཁག་བཅས་སུ་གསོ་སྐྱོང་གིས་ལོ་རེ་བཞིན་གུང་ཁྲན་ཏང་མི་ལྡབ་མང་པོ་འཕར་བཞིན་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་བརྟན་ལགས་ཀྱིས། དམར་ཤོག་ཚོགས་མི་རྣམས་དགོན་སྡེ་ཁག་ཏུ་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཆེད་བསྐོས་ཀྱིས། བོད་ཀྱི་སྤྱི་ཚོགས་ལ་སྟངས་འཛིན་དམ་དྲག་ཆེ་རུ་གཏོང་བཞིན་པ་རེད་ཟེར།
རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བ་སོགས་ཀྱི་གནས་ཚུལ་ལྟར་ན། སྤྱི་ལོ་༢༠༡༥གི་ལོ་མཇུག་ནས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ། དམར་ཤོག་ཚོགས་མི་ཁྲི་༣༢་༥ཡོད་པ་ནི། ལོ་གོང་མ་ལས་ཁྲི་༡་༩འཕར་ཡོད་པ་དང་། ལོ་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གཞི་རིམ་རྩ་འཛུགས་ཁྲི་༡་༦ཟིན་པ་དེ། ལོ་གོང་མ་ལས་༢༠༠ལྷག་འཕར་ཡོད་པའི་འཕར་ཚད་བརྒྱ་ཆ་༡་༥ཟིན་ཡོད་ལུགས་འཁོད་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པ་ལ་ད་ཆ་ཚོགས་མི་ས་ཡ་༩༠་༥༩ཡོད་པ་རེད།