རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ནང་མི་རྣམས་ལ་ཐུན་མོང་དུ་ཆད་པ་གཅོད་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་རྣམས་ཀྱི་ནང་མི་རྣམས་ལ་ཐུན་མོང་དུ་ཆད་པ་གཅོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་སྐོར་ཐེར་འདོན་བྱས་འདུག

ཉེན་ཁ་ལས་སྲུང་སྐྱོབ་བྱེད་མཁན་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ཚོགས་པའི་ཞིབ་འཇུག་སྙན་ཐོ། ཉེན་ཁ་ལས་སྲུང་སྐྱོབ།

ཉེན་ཁ་ལས་སྲུང་སྐྱོབ་བྱེད་མཁན་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ཚོགས་པ་ཞིག་གིས་ཞིབ་འཇུག་སྙན་ཐོ་གསར་བ་ཞིག་བཏོན་པའི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་རྣམས་ཀྱི་ནང་མི་རྣམས་ལ་ཐུན་མོང་དུ་ཆད་པ་གཅོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་སྐོར་ཐེར་འདོན་བྱས་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་འདོན་སྤེལ་བྱས་པའི་ཞིབ་འཇུག་སྙན་ཐོ་དེའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བའི་ནང་མི་རྣམས་ལ་ཐུན་མོང་དུ་ཆད་པ་གཅོད་པའི་བྱ་ཐབས་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་སྟངས་འཛིན་བྱེད་ཆེད་ཡིན་པ་མ་ཟད། རྒྱ་ནག་དམར་ཤོག་གཞུང་གིས་ཁྲིམས་འགལ་གྱི་བྱེད་ཐབས་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་པར་བརྟེན། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་འབོད་སྒྲ་སྒྲོག་རྒྱུ་ནི་མི་སྒེར་གྱི་བློས་གཏོང་ཙམ་མ་ཡིན་པར་ནང་མི་གཉེན་ཚན་རྣམས་བློས་གཏོང་བྱེད་དགོས་གྱུར་ཡོད་པ་སྙན་ཐོའི་ནང་ཐེར་འདོན་བྱས་འདུག
༼འཇིགས་སྐྲག་ཁྲོད་ཀྱི་ཁྱིམ་ཚང་སྟེ་རྒྱ་ནག་གི་དུས་རབས་༢༡པའི་ཐུན་མོང་གི་ཆད་པ་གཅོད་པ༽ཞེས་པ་དེ་ནི་བཅར་འདྲི་དང་གསར་འགྱུར་རྒྱུད་ལམ་གྱི་གནས་ཚུལ་བཅས་རྒྱུད་ནས་བཀས་བཀོད་རྒྱུད་འཛིན་གྱི་བྱ་ཐབས་དེ་རིགས་ཀྱི་གྲངས་འབོར་དང་རྣམ་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསལ་འདོན་བྱས་འདུག
ནང་མི་རྣམས་ལ་ཐུན་མོང་གི་ཆད་པ་གཅོད་པའི་བྱེད་ཐབས་དེས་བཙན་སྐུལ་གྱིས་ཉེས་བ་ངོས་ལེན་བྱེད་བཅུག་པ་དང་། ཁྱིམ་མིར་འཇིགས་སྣང་སྐུལ་བ་བཅས་བརྒྱུད་ནས་ཕྱིའི་རྒྱལ་ཁབ་དུ་ཡོད་པའི་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱི་ཁ་འགོག་བྱེད་ཀྱི་ཡོད་པ་རེད། རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་ལག་ཆར་བེད་སྤྱོད་གཏོང་བཞིན་ཡོད་པ་སོགས་འབྲེལ་ཡོད་གྱོད་དོན་སྣ་མང་ལུངས་འདྲེན་དང་བཅས་ཞིབ་འཇུག་སྙན་ཐོའི་ནང་ཐེར་འདོན་བྱས་འདུག

གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org