འབར་མའི་གཞུང་འཛིན་སྐྱོང་སྟངས་ཐད་ཨ་མི་རི་ཀས་བློ་འཚབ།

འབར་མའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་རྒྱུར་དོན་ཕན་སོན་པའི་ཕྱག་བཞེས་ལག་བསྟར་གནང་དགོས་པའི་སྐོར།

༄༅༎ཨ་མི་རི་ཁའི་རྒྱལ་དོན་ཕྱི་སྲིད་དྲུང་ཆེ་ཧི་ལི་རི། ཁི་ལིན་ཊོན་མཆོག་གིས་གཟའ་ཕུར་བུའི་ཉིན་གསལ་བཏོན་གནང་ཡོད་པའི་ནང་། ད་ལྟའི་འབར་མའི་གཞུང་གསར་པའི་གཞུང་འཛིན་སྐྱོང་སྟངས་ཐད་བློ་འཚབ་ཡོང་གཞི་ནི། ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་རྒྱུར་དོན་ཕན་སོན་པའི་ཕྱག་བཞེས་ལག་བསྟར་གནང་དགོས་པའི་སྐོར་གསུངས་ཡོད་པ་རེད།
དེ་བཞིན་ཧི་ལི་རི། ཁི་ལིན་ཊོན་མཆོག་གིས་གསུངས་པར་ད་ལྟའི་འབར་མའི་སྲུང་སྐྱོབ་སྡེ་ཚན་གྱིས་རྒྱབ་རྟེན་འོག་གནས་པའི་གཞུང་འཛིན་གྱིས་ཡུལ་གྱི་གནས་སྟངས་སླར་གསོ་དགོས་རྒྱུ་ནི་གལ་ཆེ་ཡིན་པ་དང་། དེ་བཞིན་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨན་སན་སུ་ཀི་མཆོག་དང་བཀའ་གྲོས་གནང་རྒྱུའི་མཐུན་རྐྱེན་བསྐྲུན་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།
ཡང་མུ་མཐུད། ཧི་ལི་རི། ཁེ་ལིན་ཊོན་མཆོག་གིས་གསུངས་པར་ང་ཚོ་ཨ་མི་རི་ཁའི་ངོས་ནས་བློ་འཚབ་ཡོང་གཞི་གཞན་ཁག་ནི་འབར་མའི་གཞུང་གིས་ཡུལ་དེའི་གྲངས་ཉུང་མི་རིགས་ཚོར་བལྟ་སྐྱོང་བྱེད་ཕྱོགས་དང་། དེ་བཞིན་ཡུལ་དེའི་ནང་སྲིད་དོན་གྱི་བཙོན་པ་མི་གྲངས་༢༠༠༠་ལྷག་ཡོད་པ་དེ་ཚོའི་གནས་སྟངས་དང། དེ་བཞིན་འབར་མ་དང། བྱང་ཀོ་རི་ཡའི་དབར་གྱི་འབྲེལ་བ་སོགས་ཀྱི་ཐད་ཐུགས་འཚབ་ཡོད་ལུགས་གསུངས་ཡོད་པ་རེད།
ཨ་མི་རི་ཁའི་སྲིད་འཛིན་ཨོ་བྷ་མཱ་མཆོག་གིས་སྤྱི་ལོ་༢༠༠༩་ནས་བཟུང་འབར་མའི་ཡུལ་དང་འབྲེལ་བ་བྱེད་རྒྱུ་དབུ་འཛུགས་གནང་ཡོད་ཀྱང་། ད་དུང་འབར་མའི་ནང་འགྲོ་བ་མིའི་ཐོབ་ཐང་སོགས་ཡར་རྒྱས་ཀྱི་གནས་སྟངས་གསལ་པོ་ཞིག་མ་གཟིགས་བར། དཔལ་འབྱོར་གྱི་དམ་བསྒྲགས་ཀྱི་སྲིད་བྱུས་ཕྱིར་བསྡུ་གནང་ཐུབ་ཀྱི་མ་རེད་ཅེས་སོགས་གསུངས་ཡོད་པའི་གནས་ཚུལ་ཐོན་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org