རྒྱ་ནག་གཞུང་གིས་ཨ་རིར་ངོ་རྒོལ་གྱི་ཉེན་བརྡ།
ཨ་མི་རི་ཀས་ཐེ་དབན་ལ་དམག་གི་གནམ་གྲུ་ཚད་མཐོར་གཏོང་རྒྱུར་རྒྱ་ནག་གཞུང་གིས་ངོ་རྒོལ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།
-
2011-09-27 -
-
-
༄༅༎དེ་ཡང་རྒྱ་ནག་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲི་ཡིས། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་ལ། ཨ་མི་རི་ཀས་ཐེ་དབན་ལ་F-16 རྟགས་ཅན་གྱི་དམག་གི་གནམ་གྲུ་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཕྱིར་འཐེན་ཡོང་བའི་ནན་བརྗོད་བྱས་ཡོད་པ་དང༌། དེ་ནི་རེས་གཟའ་ཟླ་བའི་ཉིན་དབྱང་ཅི་ཁྲི་དང་ལྕམ་ཀི་ལིན་ཀྲེན་གཉིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ལྷན་འཛོམས་སྐབས་བཤད་ཡོད་པའི་གནས་ཚུལ་ཡིན་ཞིང༌། དེའི་སྐོར་ལ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་ཆེས་མཐོའི་དཔོན་རིགས་ཤིག་གིས་གསུང་པར། རྒྱ་ནག་ཕྱོགས་ནས་ཨ་མི་རི་ཀས་ཐེ་ཝན་ལ་ཨ་རིའི་ཊོ་ལར་ཐེར་འབུམ་ལྔ་དང་གྲངས་ཆུང་༨༥ གནས་པའི་F-16 རྟགས་ཅན་གྱི་དམག་གི་གནམ་གྲུ་ཚད་མཐོ་གཏོང་རྒྱུའི་ལས་གཞི་ཕྱིར་འཐེན་མ་བྱས་ན། ཨ་རི་དང་རྒྱ་ནག་གི་དམག་དོན་འབྲེལ་ལམ་ཚབས་ཆེའི་གནོད་འཚེ་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད་པའི་སྐོར་གསུང་ཡོད་པ་རེད། རྒྱ་ནག་གཞུང་གི་ཤིང་ཧྰ་གསར་ཤོག་ལས་ཁང་གིས་ཀྱང༌། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲི་ཡིས། ཨ་མི་རི་ཀར། ཐེ་དབན་གྱི་གནད་དོན་དེ་ནི་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་བྱས་པ་དང༌། དེ་ཡིས་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ལ་ཚབས་ཆེ་གནོད་འཚེ་བཟོས་པའི་སྐྱོན་བརྗོད་བྱས་ཡོད་ལུགས་དང༌། ལྷག་པར་དུ་རྒྱ་ནག་ཕྱོགས་ནས། ཨ་མི་རི་ཀར་ཡང་དག་པའི་ལངས་ཕྱོགས་ཐོག་བསྐྱོད་དགོས་པ་དང༌། གོང་གསལ་F-16 རྟགས་ཅན་གྱི་དམག་གི་གནམ་གྲུ་ཡར་རྒྱས་གཏོང་རྒྱུའི་ནོར་འཁྲུལ་གྱི་ཐག་གཅོད་ཕྱིར་འཐེན་བྱེད་པའི་མཚོན་ཐེ་དབན་ལ་གོ་མཚོན་ཚོང་རྒྱུའི་ལས་གཞི་ནོར་འཁྲུལ་རྣམས་ཡོ་བསྲང་བྱ་དགོས་པ་དང༌། དེ་བཞིན་ཐེ་དབན་གྱི་ལྡོག་ཕྱོགས་ཤུགས་རྐྱེན་མི་ཐེབས་པ་འབད་བརྩོན་བྱ་དགོས་པ། ཐེ་དབན་ལ་གོ་མཚོན་ཚོང་རྒྱུ་མཐའ་ཅིག་ཏུ་མཚམས་འཇོག་བྱ་དགོས་པ། ཐེ་དབན་དང་ཨ་རིའི་དམག་དོན་གྱི་འབྲེལ་ལམ་མཚམས་འཇོག་བྱས་ཏེ། རྒྱ་ནག་དང་ཨ་རིའི་འབྲེལ་ལམ་གྱི་ཁེ་ཕན་ཆེན་པོ་དེ་རྒྱུན་གནས་ཐུབ་པའི་ཁ་ཞེ་གཉིས་མེད་ཀྱི་བྱ་སྤྱོད་ལག་བསྟར་བྱ་དགོས་པའི་ཉེན་བརྡ་བཏང་ཚུལ་སྐོར་བཀོད་ཡོད་པ་རེད།