མཆོག་སྤྲིན་རྒྱ་མཚོ་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་འདུག
མདོ་སྨད་རྨ་ལྷོ་སོག་རྫོང་གི་ཆབ་སྲིད་བཙོན་པ་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་མི་ལོ་བཅུའི་རྗེས་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་འདུག
-
2017-04-27 -
-
-
Your browser doesn’t support HTML5 audio
མདོ་སྨད་རྨ་ལྷོ་སོག་རྫོང་གི་ཆབ་སྲིད་བཙོན་པ་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་མི་ལོ་བཅུའི་རྗེས་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་འདུག
མདོ་སྨད་རྨ་ལྷོ་སོག་རྫོང་གཙང་དགོན་པའི་ཆབ་སྲིད་བཙོན་པ་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་རྒྱ་ནག་གིས་འཛིན་བཟུང་གིས་མི་ལོ་བཅུ་ཙམ་ལ་བཙོན་འཇུག་བྱས་བའི་རྗེས་༢༠༡༧་ལོའི་ཟླ་༤་བའི་ཚེས་༡༥་ཉིན་ཟི་ལིང་གི་བཙོན་ཁང་ནས་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་ཡོད་པ་རེད། ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་སྔ་ས་ནས་སྐབས་དེར་མི་ཚོགས་འཛོམས་ནས་ཕེབས་བསུ་དང་པར་རྒྱག་པ་སོགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པར་བརྟེན་ཕེབས་བསུ་གཟབ་རྒྱས་སོགས་བྱུང་མེད་པ་དང་། ཉིན་ཤས་རྗེས་ཁོང་ཉིད་ཕྱིར་གཙང་དགོན་པར་ཕེབས་འཆར་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པ་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་རྩོམ་སྒྲིག་པ་དང་ཞིབ་འཇུག་པ་ཟུར་པ་རྡོ་རྗེ་ཚེ་རིང་ལགས་ཀྱིས་གསུངས་ན། དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་དེ་སྔ་༢༠༠༨་ལོར་བོད་ས་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་མདོ་སྨད་གཙང་དགོན་པའི་ཞི་རྒོལ་ལས་འགུལ་གྱི་སྣེ་ཁྲིད་མི་སྣའི་གྲས་ཡིན་པའི་ཉེས་འཛུགས་ཀྱིས། ལོ་དེའི་སྤྱི་ཟླ་༤་བའི་ནང་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་དང་། མཁས་གྲུབ་རྒྱ་མཚོ། ཚུལ་ཁྲིམས་རྒྱ་མཚོ་བཅས་ཁག་གཅིག་དགོན་པ་ནས་ཉེན་རྟོག་པས་འཇུ་བཟུང་བྱས་པ་དང་། ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་། ཕྱི་ཕྱོགས་སུ་འབྲེལ་བ་ཡོད་ཚུལ་སོགས་ཀྱི་ཉེས་མིང་འོག་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཡིན་འདུག
ད་ལྟ་དགུང་ལོ་༤༤་ཙམ་ཡིན་པའི་མཆོག་སྤྲིན་རྒྱ་མཚོ་ལགས་ནི་རྒྱ་ནག་གིས་བརྗོད་བཞིན་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་ཡུལ་རྒན་སོག་རིགས་རང་སྐྱོང་རྫོང་གཙང་ཨ་རིག་ཉི་མཐའ་ཡུལ་ཚོ། མཛོ་མོ་རུ་ཆེན་ལྔ་བའི་མི་དང་། ཁོང་གི་ཕ་འདས་བོའི་མིང་ལ་བློ་བྷེ་དང་། མ་མིང་ཚེ་རིང་སྒྲོལ་མ་ཡིན་འདུག་ལ་དེ་སྔ་༢༠༠༢་ལོར་རྒྱ་གར་དུ་ཕེབས་ནས་ཆོས་ཞུགས་སློབ་གཉེར་ཡང་གནང་མྱོང་ཡོད་འདུག།
གསར་འགོད་པ་བློ་བྷེ་དང་། ཀླུ་འབུམ།