ཇར་མན་དུ་རྒྱ་རིགས་རྩོམ་པ་པོ་ཞིག་ལ་བྱ་དགའ་།

ལི་ཡའོ་ཡི་ལྦུ་ཞུ་བའི་རྒྱ་རིགས་རྩོམ་པ་པོ་ལ་ཇར་མན་དེབ་ཚོང་ཐེབས་རྩ་ཁང་གིས་ལོ་འཁོར་གྱི་བྱ་དགའ་ཕུལ་ཡོད་འདུག

༄༅༎ལི་ཡའོ་ཡི་ལྦུ་ འམ་ ལའོ་ལྦེ་ཞེས་འབོད་པའི་རྒྱ་རིགས་རྩོམ་པོ་དེའི་དེ་སྔོན་(Massacre)འམ་སྡེབ་གསོད་ཅེས་པེ་ཅིང་གནམ་་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐོར་སྙན་ངག་རྩོམ་བྲིས་པའི་རྐྱེན་རྒྱ་ནག་གཞུང་ནས་ཁོ་པ་ལོ་བཞི་བཙོན་འཇུག་བྱས་ཡོད་པ་དང་བཙོན་གྲོལ་ཐོབ་རྗེས་ ཁོང་རྒྱ་ནག་ནས་ཕྱི་ཕྱོགས་སུ་འགྲིམ་འགྲུལ་མི་ཆོག་པའི་དམ་བསྒྲགས་བཀག་འགོག་བྱས་ཡོད་པ་རེད་ ཡིན་ནའང་རྒྱ་ནག་གཞུང་གི་འགྲིམ་འགྲུལ་བཀག་སྡོམ་གྱི་དམ་བསྒྲཌ་ལ་མ་ལྟོས་པར་རྩོམ་པ་པོ་ལའོ་ལྦེ་ཡིས་ ༢༠༡༠ལོར་ རྒྱ་ནག་ནས་ལྦིཏ་ནམ་ས་ཐོག་ཏུ་གོམ་བགྲོད་སྐྱོད་ཏེ་ གསང་བའི་འཛུལ་ཞུགས་ཐུབ་ཡོད་པ་དང་ དེ་ནས་བཟུང་ཁོ་པ་ཇར་མ་ནི་ནང་རྟེན་གཞི་བྱེད་་བཞིན་ཡོད་པ་རེད་ ད་རེས་ཇར་མན་དེབ་ཚོང་ཐེབས་རྩ་ཁང་གིས་ ལོ་འཁོར་རྩོམ་ཡིག་གི་བྱ་དགའ་དེ་བཞིན་ལའོ་ལྦེ་ལ་ཕུལ་བ་འདི་ཁོ་པས་ དེང་དུས་རྒྱ་ནག་གི་སྤྱི་ཚོགས་ནས་ཕྱིར་བུད་པ་དང་ཐོབ་ཐང་འདྲ་མཉམ་མེད་པའི་མི་མང་དཀྱུས་མའི་གནས་སྟངས་ཕྱིར་འདོན་ཐུབ་པའི་རྩོམ་བྲིས་ལ་ངོས་འཛིན་ཡིན་པའི་སྐོར་ཐེབས་རྩ་ཁང་གིས་འགྲེལ་བརྗོད་གནང་འདུག རྒྱ་རིགས་རྩོམ་པ་པོ་ལའོ་ལྦེ་ཡིས་བྲིས་རྩོམ་བྱས་པའི་ཁོངས་སུ་སྡེབ་གསོད་ཅེས་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐོར་ཡང་ The Corpse Walker ཞེས་ རྒྱ་ནག་ནང་ལས་རྩོམ་མི་མང་དང་ཞིང་པའི་འཚོ་བའི་དཀའ་སྡུག་གི་གནས་སྟངས་གསལ་འདོན་ཐུབ་པའི་རྩོམ་དེབ་གཉིས་ཡོངས་གྲགས་ཆེ་ཤོས་ཡིན་པ་རེད  ཇར་མན་་དེབ་ཚོང་ཐེབས་རྩ་ཁང་གིས་ བྱ་དགའ་གསལ་བསྒྲགས་གནང་པའི་སྤྱི་བསྒྲགས་ནང་ རྩོམ་པ་པོ་ལའོ་ལྦེ་ནི་བཙོན་འཇུག་དང་ མནར་གཅོད་ དེ་བཞིན་དྲག་གནོན་གྱི་མྱོང་ཚོར་ཐད་ཀར་ཡོད་པའི་རྩོམ་པོ་ཞིག་ཡིན་པ་མ་ཟད་ དེང་དུས་ཀྱི་རྒྱ་ནག་ནང་ སྤྱི་ཚོགས་འདྲ་མཉམ་མེད་པའི་གནས་ལུགས་ཕྱིར་འདོན་གནང་མཁན་དང་ རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དྲག་གནོན་ལ་ ངོ་རྒོལ་བྱ་མཁན་ བློ་སྟོབས་ལྡན་པའི་རྩོམ་བྲིས་མཁན་ཞིག་ཡིན་པའི་སྐོར་བསྔགས་བརྗོད་བྱས་འདུག ཇར་མན་དེབ་ཚོང་ཐེབས་རྩ་ཁང་གི་རྩོམ་བྲིས་ཀྱི་བྱ་དགའ་དེ་བཞིན་༡༩༥༠ཐམ་པའི་ལོར་འགོ་འཛུགས་གནང་སྟེ་ ཇར་མན་ནང་རྩོམ་བྲིས་ཀྱི་བྱ་དགའ་མཐོ་ཤོས་གཉིས་པ་དེ་ཡིན་པ་དང་ བྱ་དགའ་དེའི་བརྒྱུད་མ་གནས་ཨ་སྐོར་༣༢༠༠༠གསོལ་རས་གནང་གི་ཡོད་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org