རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ཨ་རིར་ཕེབས་འཆར་སྐོར།
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གིས་ཟླ་བ་རྗེས་མའི་ཚེས་༡༤འི་ཉིན་ཨ་རིའི་སྲིད་འཛིན་ལྷན་དུ་བཀའ་བསྡུར་གནང་ཕྱིར་ཕེབས་འཆར།
-
2012-01-24 -
-
-
༄༅༎རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གིས་ཟླ་བ་རྗེས་མའི་ཚེས་ ༡༤འི་ཉིན་ཨ་མི་རི་ཀའི་སྲིད་འཛིན་རྦ་རཁ་ཨོ་རྦ་མ་ལྷན་དུ་ རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་བའི་སྐོར་བཀའ་བསྡུར་གནང་ཕྱིར་ལྦ་ཤིང་ཀྲོན་དུ་ཕེབས་ཀྱི་ཡོད་པ་ཨ་མི་རི་ཀའི་སྲིད་འཛིན་གྱི་ལས་ཁུངས་ཀྱིས་གཟའ་ཟླ་བའི་ཉིན་དྲིལ་བསྒྲགས་གནང་འདུག
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ནི་ལོ་འདིའི་ལོ་མཇུག་མཚམས་སུ་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་གཙོ་ཆགས་རྒྱུ་ངེས་པ་དང་ ཕྱི་ལོ་ ༢༠༡༣ ལོའི་ལོ་སྟོད་མཚམས་སུ་རྒྱ་ནག་གི་སྲིད་འཛིན་ཆགས་རྒྱུ་ཡིན་པ་གཏན་འཁེལ་ཡིན་པ་རེད་ ཁོང་གིས་ཨ་མི་རི་ཀའི་སྲིད་འཛིན་ལྷན་དུ་ཡུལ་གཉིས་བར་གྱི་འབྲེལ་བ་དང་ ཤར་ཨེ་ཤེ་ཡ་དང་འཛམ་གླིང་སྤྱིའི་གནད་དོན་ཐད་བཀའ་བསྡུར་གནང་གི་རེད་ཅེས་ ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཀྱིས་གསལ་བསྒྲགས་གནང་བ་ལས་ཞིབ་ཕྲའི་གླེང་གཞི་ཇི་ཡིན་གསལ་བཤད་གནང་ཡོད་པ་མ་རེད་ རྒྱ་ནག་གི་སྲིད་འཛིན་གཞོན་པས་ ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་རྩོད་གཞིར་གྱུར་པའི་རྙོགས་གླེང་དེ་དག་ཞི་འཇམ་འགྲོ་བ་དང་ འཛམ་གླིང་ནང་ཛ་དྲག་གི་གནས་སྟངས་སུ་མ་གྱུར་བའི་རེ་བ་ཡོད་ཅེས་བདུན་ཕྲག་སྔོན་མ་གསུང་འདུག ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་དངུལ་ཡོན་གྱི་འཛའ་ཐང་མུ་མཐུད་དམའ་པོར་འཇོག་རྒྱུའི་ཚབ་ཏུ་སྤར་དགོས་ཞེས་རྒྱ་ནག་གི་དབུ་ཁྲིད་ཐོག་གནོན་ཤུགས་སྤྲོད་རྒྱུ་དང་ ཤར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དེར་ཨ་མི་རི་ཀས་དམག་དོན་གྱི་ནུས་ཤུགས་རྒྱ་བསྐྱེད་བྱེད་བཞིན་པའི་དམིགས་ཡུལ་ཐད་ལ་ རྒྱ་ནག་གི་ཕྱོགས་ནས་དོགས་པ་ཡོད་ལུགས་གསལ་བཤད་བྱ་རྒྱུས་གཙོས་པས་ཨ་མི་རི་ཀས་ཐའེ་ལྦན་ལ་མཚོན་ཆ་བཙོང་པའི་ཐད་ རྒྱ་ནག་ཁོང་ཁྲོ་བཟའ་མུས་ཡིན་པ་སོགས་ཁ་གསང་གོ་བདེ་གནང་འཆར་ཡིན་པ་རེད།