སློབ་ཐོན་ལག་འཁྱེར་ངོས་ལེན་བྱེད་སྲིད་མིན་གྱི་སེམས་འཚབ།
༧གོང་ས་མཆོག་གི་ཆིབས་བསྒྱུར་རྗེས་རྒྱ་རིཊ་སློབ་མ་ཚོས་སློབ་ཐོན་ལག་འཁྱེར་རྒྱ་ནག་གིས་ངོས་ལེན་བྱེད་སྲིད་མིན་གྱི་སེམས་འཚབ་བྱེད་བཞིན་པ་རེད།
-
2017-06-20 -
-
-
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཁེ་ལི་ཧྥོར་ནེ་ཡའི་སེན་ཊེཡ་གྷོ་( San Diego)་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་བཞིན་༧ཞབས་སོར་འཁོད་གནང་མཛད་ཏེ་བཀའ་སློབ་བཀྲིན་བསྐྱངས་པའི་རྗེས་སློབ་གྲྭ་དེའི་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་༣༥༠༠་ལྷག་ཙམ་ཡོད་པ་ཚོས་རྒྱ་ནག་གཞུང་གིས་ཁོང་ཚོའི་སློབ་ཐོན་ལག་འཁྱེར་ཁས་ལེན་བྱེད་མི་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་གོ་ལའི་ཚགས་ཤོག་ཐོག་གནས་ཚུལ་བཀོད་ཡོད་པ་རྒྱ་གར་གྱི་དུས་བབ་Times of India་ཞེས་པས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་དོན། སློབ་མ་ཁག་གཅིག་གིས་ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཁེ་ལི་ཧྥོར་ནེ་ཡའི་སེན་ཊེཡ་གྷོ་( San Diego)་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོའི་སྐུ་མགྲོན་དུ་༧ཞབས་སོར་འཁོད་པ་དེས། སློབ་གྲ་དེ་ནས་སློབ་ཐོན་བྱེད་མཁན་གྱི་རྒྱ་རིགས་སློབ་མ་ཚོའི་སློབ་ཐོན་ལག་འཁྱེར་རྣམས་རྒྱ་ནག་སློབ་གསོ་ལྷན་ཁང་གིས་ཁས་ལེན་མི་བྱེད་རྒྱུར་སེམས་འཚབ་བྱེད་ཀྱི་ཡོད་པ་བརྗོད་ལུགས་དང་། དེ་བཞིན་གཙུག་ལག་སློབ་གྲྭའི་རྒྱ་ནག་སློབ་ཕྲུག་དང་དགེ་རྒན་གྱི་མཐུན་ཚོགས་ཞེས་པས། ཏཱ་ལའི་བླ་མས་དུས་ཡུན་རིང་པོའི་ནང་མེས་རྒྱལ་ཁ་བྲལ་གཏོང་རྒྱུའི་ལས་དོན་སྤེལ་ཡོད་ལུགས་སྐོར་སོགས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་དེར་ཆིབས་བསྒྱུར་སྐྱོང་རྒྱུའི་གནས་ཚུལ་ཐོན་པ་ནས་རྒྱ་རིགས་སློབ་མ་ཚོའི་ནང་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད་པའི་ཁར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་ལ་འདོད་པ་མེད་པའི་རྣམ་འགྱུར་བསྟན་པ་སོགས་བྱས་ཀྱང་། བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐབས་༧གོང་ས་མཆོག་གི་བཀའ་སློབ་ལ་ཉན་མཁན་རྒྱ་རིགས་སློབ་མ་མི་ཉུང་བ་ཞིག་སླེབས་ཡོད་པ་མ་ཟད། རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་གྱི་ལས་འགུལ་གང་ཡང་སྤེལ་མེད་པའི་ཁར་༧གོང་ས་མཆོག་གི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་འཛམ་གླིང་ནང་ཞི་བདེ་དང་། བྱམས་སྙིང་རྗེའི་སྐོར་སོགས་མིའི་སེམས་ནང་བདེ་བ་ཐོབ་རྒྱུའི་སྐོར་གྱི་བཀའ་སློབ་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པར་བརྟེན་སློབ་གྲ་དེའི་རྒྱ་རིགས་སློབ་ཕྲུག་ཚོར་ཡང་དེའི་སྔོན་གྱི་བསམ་ཚུལ་དང་མི་འདྲ་བ་ཞིག་བྱུང་ཡོད་པ་རྒྱ་རིགས་སློབ་མ་ཁག་གཅིག་གིས་འདི་གའི་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་བྱས་ཡོད།
གསར་འགོད་པ་འཆི་མེད།