ཞེ་ཅིན་ཕེན་གྱི་གོ་གནས་སྲ་བརྟན་ལ་སྐུལ་འདེད་བྱེད་བཞིན་པ།

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དུ་སྲིད་འཛིན་ཞེ་ཅིན་ཕེན་གྱི་གོ་གནས་སྲ་བརྟན་ལ་སྐུལ་འདེད་ཤུགས་ཆེན་བྱེད་བཞིན་པ་རེད།

ཞི་ཅིན་ཕེན་ པར། AFP

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དུ་སྲིད་འཛིན་ཞེ་ཅིན་ཕེན་གྱི་གོ་གནས་སྲ་བརྟན་ལ་སྐུལ་འདེད་ཤུགས་ཆེན་བྱེད་བཞིན་པ་རེད།
དེ་ཡང་ཚེས་༢༦་ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ནང་བརྗོད་ན། རྒྱ་ནག་མི་དམངས་མང་ཆེ་བས་རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞེ་ཅིན་ཕེན་རྒྱ་ནག་གི་འགོ་ཁྲིད་འདས་པོ་མའོ་ཙེ་ཏུང་ནང་བཞིན་གྱི་སྲོག་ཤིང་གི་མགོ་ཁྲིད་ཅིག་ཆགས་པར་རེ་བ་བྱེད་བཞིན་ཡོད་ཚུལ་བརྗོད་ཡོད་ལ། ཧྥ་རན་སིའི་གསར་སྤེལ་ཁང་གིས་དེ་ནི་ཞེ་ཅིན་ཕེན་གྱིས་རང་ཉིད་ཀྱི་གོ་གནས་སྲ་བརྟན་བྱེད་བཞིན་པ་རེད་ཅེས་བརྗོད་འདུག
དེ་མིན་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་པར་གྱི་ཁོངས་གཏོགས་མི་དམངས་གླེང་སྟེགས་ཞེས་པའི་སྟེང་། མི་གྲངས་གཅིག་ཁྲི་ལྔ་སྟོང་ལྷག་གི་ཁྲོད་བསམ་ཚུལ་བསྡུ་ལེན་བྱས་པའི་གནས་ཚུལ་ཞིག་སྤེལ་བའི་ནང་། རླབས་ཆེན་གྱི་རྒྱལ་ཁབ་ཅིག་ལ་ནུས་སྟོབས་ལྡན་པའི་འགོ་ཁྲིད་སྲོག་ཤིང་ཞིག་དགོས་ཚུལ་དང་། ཞེ་ཅིན་ཕེན་ནི་དེར་སྣེ་ཁྲིད་བྱེད་མཁན་གྱི་རླབས་ཆེན་མི་སྣ་དེ་ཡིན་ཚུལ་འུར་བསྟོད་བྱས་ཡོད་པ་རེད།
དེ་བཞིན་ཧྥ་རན་སིའི་གསར་སྤེལ་ཁང་གིས་ཚེས་༢༦ཉིན་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་ཞེ་ཅིན་ཕེན་ནས་སྤྱི་ལོ་༢༠༡༢་ལོར་དབང་ཆ་བཟུང་བ་ནས། བདེ་ལེགས་ངང་རང་ཉིད་ཀྱི་དབང་ཤུགས་ནུས་པ་རྒྱ་བསྐྱེད་ཀྱིས་དབང་ཆ་གཅིག་སྡུད་བྱེད་ཐུབ་ཡོད་ཟེར། དེ་བཞིན་དེང་སྐབས་པེ་ཅིན་གྱི་མགྲོན་ཁང་ཞིག་ཏུ་རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་མི་བཞི་བརྒྱ་ཙམ་འདུ་འཛོམས་ཀྱིས་འཛམ་གླིང་འདིར་མི་གྲངས་ཆེས་མང་ཤོས་ཀྱི་རྒྱལ་ཁབ་འདིའི་ལས་དོན་ཐད་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ནང་གཙོ་བོ་གུང་ཁྲན་ཚོགས་པ་ནང་ཁུལ་གྱི་སྒྲིག་ལམ་བཅོས་སྐྱོང་སོགས་ཀྱི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་ཅེས་བརྗོད་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org