རྒྱ་ནག་ཕྱི་སྲིད་ལྷན་ཁང་མདུན་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་རིགས་མི་མང་ཉི་ཤུ་ལྷག་ཙམ་ཞིག་གིས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་རིགས་མི་མང་ཉི་ཤུ་ལྷག་ཙམ་ཞིག་གིས་པེ་ཅིང་དུ་ཡོད་པའི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མདུན་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཏེ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་གྱིས་ལག་ཏུ་ཞུ་ཡིག་དང་རྒྱ་ནག་གི་རྩ་ཁྲིམས་དེབ་ཆུང་འཁྱེར་བའི་ཐོག་ངོ་རྒོལ་བ་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཅེས་དབྱིན་ཡིག་ཐོག་ནས་བྲིས་པའི་འཕྲེད་དར་འཁྱེར་བ་དང་གཞན་ཡང་རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་འོག་བཞག་ནས་རྡུང་རྡེག་མནར་གཅོད་ཕོག་པའི་མི་སྣའི་དཔར་སོགས་འཁྱེར་ནས་རྒྱ་ནག་སྲིད་གཞུང་གི་ལས་ཁུངས་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། ཡང་ལས་འགུལ་དེའི་ནང་རྒྱ་ནག་ཧྲན་ཤིང་ཞིང་ཆེན་ནས་ཡིན་པའི་བེུད་དབྱང་ཀུའེ་དབྱིན་ནས་དེ་རིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་རེད། འོན་ཀྱང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་རེད།ངའི་ས་ཆ་ཚུང་སྤྲོད་དགོས།ང་ལ་བཟའ་རྒྱུ་དགོས་ཞེས་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་རེད། ཡང་གོང་ཞུས་བེུད་དེས་བརྗོད་ན་དེ་སྔ་ཁོང་གི་ས་ཁང་སོགས་རྒྱ་ནག་གཞུང་གིས་འཕྲོག་ནས་བཙན་ཤེད་ཀྱི་ཐོག་ནས་ཁང་པ་བཤིག་ཡོད་ཀྱང་དེའི་ཐོག་གུན་གསབ་སྤྲད་མེད་པར་བརྟེན་ཁོ་མོས་ངོ་རྒོལ་བྱས་པར་ཉེས་བཙུགས་ཀྱིས་ཁོ་མོ་ངལ་རྩོལ་བསྒྱུར་བཀོད་དུ་ཐེངས་གསུམ་ཙམ་བཏང་ནས་རྡུང་རྡེག་ཚད་མེད་བཏང་ཡོད་ལུགས་ཀྱང་བརྗོད་ཡོད་པ་རེད། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མདུན་དུ་ངོ་རྒོལ་བྱེད་མཁན་གྱི་མི་སྣ་ཚོས་ངོ་རྒོལ་དུས་ཡུན་སྐར་མ་གསུམ་ཅུ་ཙམ་བྱས་པའི་རྗེས་ས་གནས་གཞུང་གི་ཉེན་རྟོག་དམག་མི་ཡོང་ནས་ངོ་རྒོལ་བ་ཚོ་སྤྱི་བདེ་མི་སྣའི་རླང་འཁོར་ནང་བླུགས་ནས་ཁྲིད་ཕྱིན་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org