ཧུ་ཅིན་ཐའོའི་ཨ་རིའི་འཚམས་གཟིགས་དེ་གལ་གནད་ཆེ་སྐོར།
རྒྱ་ནག་གི་སྲིད་འཛིན་ནས་ཨ་རིར་འཚམས་འདྲི་དེ་ནི་ཡུལ་གཉིས་དབར་གྱི་གལ་ཆེའི་འབྲེལ་ལམ་ཡར་རྒྱས་ཕྱོགས་སུ་གོང་འཕེལ་གཏོང་ཐབས།
-
2011-01-16 -
-
-
༄༅༎འདི་ག་ཨ་མི་རི་ཀའི་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ད་རེས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཨ་རིའི་འཚམས་འདྲི་དེ་ནི་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་གལ་ཆེའི་འབྲེལ་ལམ་ཡར་རྒྱས་ཕྱོགས་སུ་གོང་འཕེལ་གཏོང་ཐབས་ཀྱི་གནད་དོན་གཙོ་བོ་ཡིན་པ་བཤད་ཡོད་པ་རེད།
དེ་ཡང་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་གཞུང་ཚབ་པ་ཀྲང་ཡེ་སུའེ་ལ་འདི་ག་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱ་མིའི་གསར་འགོད་པའི་འདྲི་བར་དང་ལེན་བྱེད་སྐབས། ༢༠༡༡ གི་ལོ་འདི་ནི་དེ་སྔ་རྒྱ་ནག་དང་ཨ་རིའི་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱས་ཏེ་མི་ལོ་༤༠ འཁོར་བའི་དུས་ཚེགས་ཤིག་ཡིན་པ་དང༌། རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ནི་གཉན་འཕྲང་གི་དུས་སྐབས་ཤིག་ཏུ་སླེབས་ཏེ། ལས་ཀའི་གཞི་ཡུལ་ཁག་མང་པོ་ཞིག་གི་ཐོག་མཉམ་འབྲེལ་ལས་དོན་གྱི་གོམས་སྟབས་སྤོ་བཞིན་པ་དང་དེ་དང་ཆབས་ཅིག་གདོང་ལེན་བྱེད་དགོས་པའི་ལས་དོན་གསར་པ་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤིག་ཡིན་པར་བརྟེན་ནས། དེ་འདྲའི་དུས་སྐབས་ལ་སྲིད་འཛིན་ཧུ་ཅིན་ཐའོ་ཨ་རིར་འཚམས་འདྲིར་ཡོང་རྒྱུ་དེ་ནི་དམིགས་བསལ་དུས་རབས་གསར་པའི་ནང་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ་ནི་དོན་སྙིང་ལྡན་པ་ཞིག་རེད་ཅེས་དང༌། ཡང་རྒྱ་ནག་དང་ཨ་རིའི་དབར་ཕྱི་འབྲེལ་གྱི་འབྲེལ་ལམ་གསར་འཛུགས་བྱས་པ་ནས་བཟུང་སྤྱི་ཡོངས་ཀྱི་ཆ་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ནི་སྲ་བརྟན་དུ་གནས་པ་དང་ཡར་རྒྱས་ཕྱིན་ཡོད་པ་དེ་ནི་འཛམ་གླིང་དེའི་ནང་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་ལམ་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། ཡིན་ནའང་ཨ་རི་དང་རྒྱ་ནག་གཉིས་བར་ལ་རྒྱལ་ནང་གི་གནད་དོན་དང༌། སྤྱི་ཚོགས་ཀྱི་ལམ་ལུགས། ལོ་རྒྱུས། རིག་གཞུང་གི་ངོ་བོ། ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་སོགས་ཀྱི་ཐོག་ལ་མི་མཐུན་པའི་བསམ་ཚུལ་ཡོད་པ་དང༌། དེ་ལྟར་ཡོང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ཞིང༌། དེ་ལས་གལ་འགངས་ཆེ་བ་ཤོས་ནི། མི་མཐུན་པའི་གནད་དོན་དེ་དག་ཤོད་དགོས་པ་དང༌། རྒྱལ་ཁབ་སོ་སོའི་ཁེ་ཕན་ལྡན་པ་དང༌། དོ་སྣང་བྱེད་འོས་པའི་གནད་དོན་ཐོག་ལ་ཕན་ཚུན་གཉིས་ཀས་བརྩི་བཀུར་ཞུ་དགོས་པ་མ་ཟད། མི་མཐུན་པའི་དཀའ་ངལ་དེ་དག་འབྲེལ་ལམ་དང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད།