མགོ་ལོག་ཁུལ་དུ་བོད་མི་གཉིས་འཛིན་བཟུང༌བྱས་ཡོད་པ།
མགོ་ལོག་ཁུལ་གྱི་མི་མང་གི་མཐོང་དང་ཆ་འཇོག་ཡོད་པའི་གཟུ་པའམ་བར་འདུམ་བྱེད་མཁན་སྐད་གྲགས་ཅན་གཉིས་སྔ་རྗེས་སུ་འཛིན་བཟུང་།
-
2012-12-08 -
-
-
༄༅༎མགོ་ལོག་ཁུལ་གྱི་མི་མང་གི་མཐོང་དང་ཆ་འཇོག་ཡོད་པའི་གཟུ་པའམ་བར་འདུམ་བྱེད་མཁན་སྐད་གྲགས་ཅན་གཉིས་སྔ་རྗེས་སུ་འཛིན་བཟུང་བྱས་ཡོད་འདུག
ཟླ་བ་འདིའི་ཚེས་༣་ཉིན་མགོ་ལོག་པདྨ་རྫོང་དུ་གྲྭ་བློ་བཟང་དགེ་མདུན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང་། དེ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག ཉིན་དེའི་དགོང་དྲོ་མགོ་ལོག་ཁུལ་གྱི་གཟུ་བ་སྐད་གྲགས་ཅན་ཝ་ཤུལ་རྡོར་བྲུག་འཛིན་བཟུང་བྱས་ཡོད་འདུག ཚེས་༤་ཉིན་མགོ་ལོག་གི་གཟུ་བ་སྐད་གྲགས་ཅན་ལ་ལའི་ཆོས་སྐྱབས་་ ས་གནས་ཉེན་རྟོག་ཁང་དུ་སོང་ནས་རྡོར་བྲུག་ལགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་གྲུབ་འབྲས་མ་ཐོན་པའི་ཁར། དེའི་མཚན་མོ་ལ་ལའི་ཆོས་སྐྱབས་ཀྱང་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ད་ལྟའི་ཆར་མགོ་ལོག་པདྨ་རྫོང་ཁོངས་ཀྱི་གཟུ་བ་སྐད་གྲགས་ཅན་གཉིས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱིན་མེད་པས། འབྲོག་པ་མང་ཚོགས་རྣམས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་དང༌། པདྨ་རྫོང་གི་ཉེན་རྟོག་འགོ་དཔོན་བོད་མི་དཔའ་སྟོབས་ལགས་གོ་གནས་ནས་གནས་དབྱུང་བཏང་བ་ནས་བཟུང་། མགོ་ལོག་པདྨ་རྫོང་ཁོངས་སུ་བོད་མི་གང་བྱུང་་འཛིན་བཟུང་དང་དྲག་རྡུང་གི་གནས་ཚུལ་རིམ་པ་ཇེ་མང་དུ་ཕྱིན་ཡོད་འདུག།