རྒྱ་གཞུང་གིས་བོད་བཅིངས་བཀྲོལ་གྱི་ཉིན་ཞེས་སྲུང་བརྩི་བྱ་འཆར།
རྒྱ་ནག་གཞུང་གིས་ཞིང་བྲན་བཅིངས་འགྲོལ་གྱི་ཉིན་མོ་ཞེས་བོད་ནང་གཟའ་སྤེན་པའི་ཉིན་དུས་ཆེན་གསར་གཏོད་ཀྱི་སྲུང་བརྩི་ཞུ་འཆར་ཡོད་པ།
-
2009-03-26 -
-
-
༄༅༎རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་ནས་བཟུང་འདས་པའི་མི་ལོ་ལྔ་བཅུ་ཐམ་པའི་རིང་རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་བའི་རྣམ་པ་གསལ་སྟོན་ཆེད་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད་པ་དང་དེའི་ཁོངས་སུ་བདུན་ཕྲག་འདིའི་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་ཞིང་བྲན་བཅིངས་འགྲོལ་གྱི་ཉིན་མོ་ཞེས་བོད་ནང་དུས་ཆེན་གསར་གཏོད་ཀྱི་སྲུང་བརྩི་ཞུ་དགོས་ཀྱི་ཡོད་པ་རེད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་བོད་ཀྱི་སྤྱི་ཚོགས་སྙིང་པའི་སྐབས་ཞིང་བྲན་གྱི་ལམ་ལུགས་འོག་བོད་མི་མང་ཚོགས་ཀྱི་དཀའ་སྡུག་ཆེན་པོ་གནས་སྟངས་སྐོར་དང་ཡང་རྒྱ་ནག་གི་བོད་བཅིངས་བཀྲོལ་བཏང་བའི་རྗེས་ད་ཆ་བོད་མིའི་སྤྱི་ཚོགས་ཁྲོད་བདེ་སྐྱིད་དང་རང་དབང་གི་འགྱུར་ལྡོག་ཆེན་པོ་སོང་བའི་སྐོར་འགྲེམས་སྟོན་བྱེད་བཞིན་ཡོད་ལ་ལྷག་པར་དུ་ཉེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་གུང་བྲན་ཏང་གི་ས་གནས་གྲོས་ཚོགས་ནས་རྒྱ་ནག་གིས་བོད་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་བཅུ་ཐམ་པ་སྲུང་བརྩི་ཞུ་ཆེད་འདི་ཟླའི་ཚེས་ཉི་ཤུ་བརྒྱད་དེ་བཞིན་ཞིང་བྲན་བཅིངས་བཀྲོལ་གྱི་ཉིན་མོ་ཞེས་གུང་སེང་གི་དུས་དྲན་གསར་པ་ཞིག་གསར་གཏོད་བྱས་ཏེ་རེས་གཟའ་སྤེན་པའི་ཉིན་དུས་ཆེན་སྲུང་བརྩི་ཞུ་འཆར་ཡོད་པ་རེད། ཕྱི་ཕྱོགས་སུ་དེང་སྐབས་བྱང་ཨ་རི་ཁུལ་དུ་བསྐོར་བསྐྱེད་བྱེད་བཞིན་པ་རྒྱ་ནག་གཞུང་གི་ཆེད་གཏོང་བྱས་པའི་བོད་རིགས་སྐུ་ཚབ་ཚོགས་པ་ཚོས་ཀྱང་རྒྱ་ནག་གཞུང་གི་འདོད་ཚུལ་དང་མཚུངས་པའི་དྲིལ་བསྒྲགས་ཀྱི་གཏམ་བཤད་སྤེལ་བཞིན་ཡོད་ལ་གོང་གསལ་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་འགོ་འཁྲིད་ཤིང་ཚ་བསྟན་འཛིན་ཆོས་གྲགས་རིན་པོ་ཆེ་ཞུ་བ་དེས་ཞིང་བྲན་བཅིངས་འགྲོལ་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་བསྒྲགས་གཏམ་དེ་བཞིན་དེ་སྔ་ཨ་མི་རི་ཀའི་སྲིད་འཛིན་ཨེབ་རེ་ཧེམ་ལིན་ཁེན་གྱིས་ཨ་རིའི་ནང་མི་རིགས་ནག་པོར་བྲན་གཡོག་གི་ལམ་ལུགས་མེད་པ་བཟོ་རྒྱུའི་བསྒྲགས་གཏམ་ལྟ་བུ་ཡིན་ལུགས་དཔེ་ཚོན་བཞག་ཡོད་པ་རེད། ཡིན་ཡང་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་དཔལ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཞིང་བྲན་ལམ་ལུགས་མེད་པ་བཟོས་པའི་ཉི་མོ་ཞེས་པ་དེ་བོད་མི་ཚོའི་ཐོག་ནས་ཧ་ཅང་གི་ཕོག་ཐུག་ཆེ་བར་ངོས་འཛིན་བྱ་རྒྱུ་དང་འདས་པའི་ལོ་ངོ་ལྔ་བཅུ་རིང་རྒྱ་ནག་གི་བཙན་གནོན་དང་དྲག་གནོན་ལ་རྐྱེན་པས་བོད་ནང་བོད་མི་ས་ཡ་གཅིག་ལྷག་འདས་གྲོངས་སུ་སོང་ཡོད་སྟབས་བོད་མིའི་ངོས་ནས་ཉིན་དེ་མྱ་ངན་གྱི་ཉིན་མོ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག།