རྒྱ་ཡིག་དང་རྒྱ་སྐད་ལ་གཙོ་འདོན་དགོས་པའི་ཚོགས་འདུ།
རྒྱ་ནག་གཞུང་གིས་ཀོང་པོ་ཁུལ་དུ་གྲོང་ཚོ་ཁག་གི་ལས་བྱེད་དང་ཏང་ཡོན་ཚོར་རྒྱ་ཡིག་དང་རྒྱ་སྐད་ལ་གཙོ་འདོན་དགོས་པའི་ཚོགས་འདུ་འཚོགས་བཞིན་ཡོད་འདུག
- 2022-04-22
-
-
-
Your browser doesn’t support HTML5 audio
ཉེ་སྔོན་ཕྱི་ཟླ་༤ཚེས་༡༥ཉིན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀོང་པོ་རྒྱ་མདའ་རྫོང་དུ་གྲོང་སྡེའི་ལས་བྱེད་དང་ཏང་ཡོན་ཚོར།ཐོག་མཐའ་བར་གསུམ་དུ་རྒྱ་ཡིག་རྒྱ་སྐད་བེད་སྤྱོད་ཐད་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དར་སྤེལ་དང་ཞིང་འབྲོག་མང་ཚོགས་ཀྱིས་རྒྱ་ཡིག་དང་རྒྱ་སྐད་ལ་ཉན་ཐུབ་པ་དང་ཤོད་ཐུབ་པ། འབྲི་ཀློག་ཐུབ་པ་དགོས་སྐོར་ཀྱི་ཟབ་སྦྱོང་ཚོགས་འདུ་ཟེར་བ་ཞིག་ཉིན་བཅུའི་རིང་འཚོགས་ཡོད་པ་དང་། ཚོགས་འདུ་དེ་དག་ས་གནས་ཁག་མང་པོའི་ནང་ཚོགས་བཞིན་ཡོད་པ་མ་ཟད། གྲོང་སྡེ་ཁག་གི་ལས་བྱེད་ཚོས་ལས་ཀ་བྱེད་པའི་སྐབས་མི་མང་མཉམ་དུ་ངེས་པར་རྒྱ་ཡིག་དང་རྒྱ་སྐད་ལམ་ནས་འབྲེལ་བ་བྱ་དགོས་པ་བཟོ་བཞིན་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དར་སྤེལ་ཟེར་བའི་ལས་གཞིའི་འོག་ནས།བོད་ཀྱི་ས་ཁུལ་མང་པོའི་ནང་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་རྒྱ་བསྒྱུར་སློབ་གསོའི་ལས་འགུལ་མངོན་ལྐོག་གཉིས་ནས་བཙན་ཐབས་ཀྱིས་སྤེལ་བཞིན་ཡོད་པ་ལྟར། ཐེངས་འདིར་ཀོང་པོ་རྒྱ་མདའ་ནས་ཚོགས་པའི་རྒྱ་བསྒྱུར་སློབ་གསོའི་སྐབས་སུ།གྲོང་ཚོའི་ལས་བྱེད་པས་རྒྱ་སྐད་ལ་གཙོ་འདོན་གྱིས་འཇོན་ཐང་ཆེ་རུ་དང་། ལས་དོན་ཡག་པོ་བསྒྲུབས་པའི་རྨང་གཞི་འདིང་བ།མི་མང་ལ་སྣེ་ཁྲིད་དགོས་པ་སོགས་བཤད་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས། རྒྱ་ནག་གཞུང་གིས་རྒྱ་བསྒྱུར་སློབ་གསོ་དེ་བོད་ཁུལ་གྱི་གྲོང་ཁྱེར་ནང་རང་བཞིན་གྱིས་གྲུབ་འབྲས་ཐོན་ཡོད་སྟབས། ད་ལྟའི་ཆར་དམིགས་ཡུལ་གཙོ་བོ་བོད་ནང་གི་གྲོང་གསེབ་ཁག་དང་། ཞིང་འབྲོག་མང་ཚོགས་དཀྱུས་མ་ཚོ་ཡིན་སྐོར་བརྗོད་བྱུང་།
གཞན་ཡང་སྔ་ལོའི་ཕྱི་ཟླ་༡༢ནང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༥བར་མི་སེར་བརྒྱ་ཆ་༨༥ཡིས་རྒྱའི་སྐད་ཡིག་ཁོ་ན་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ་དང་། སྲིད་བྱུས་དེ་དང་འབྲེལ་ཕྱི་ལོ་༢༠༣༥བར་དུ་གྲོང་གསེབ་དང་གྲངས་ཉུང་མི་རིགས་ཁག་གི་ཁྲོད་རྒྱ་སྐད་དེ་ཡོངས་ཁྱབ་ཀྱི་སྐད་ཡིག་བཟོ་འཆར་གྱི་དམིགས་འབེན་དགོས་སྐོར་བསྒྲགས་ཡོད་པ་རེད་ལ། ཐེངས་འདིའི་ཚོགས་འདུའི་སྐབས་སུ་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལག་བསྟར་ལ་ཕན་འབྲས་ཐོན་དགོས་སྐོར་བཀོད་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གི་རྒྱ་བསྒྱུར་སློབ་གསོའི་དམིགས་འབེབས་དེ་སློབ་གྲྭ་དང་དགོན་སྡེ་ཁག་ཙམ་མ་ཡིན་པར། ད་ལྟའི་ཆར་ཏང་ཡོན་དང་ལས་བྱེད་ཚོ་ནས་སྐུལ་འདེད་བྱས་ཏེ་མི་མང་ཁྱོན་ཡོངས་ནས་རྒྱ་བསྒྱུར་བྱས་ཏེ། བོད་ཀྱི་རིག་གནས་དང་སྐད་ཡིག་སྲོལ་རྒྱུན་རྩ་ནས་མེད་པ་བཟོ་ཐབས་ཤིག་ཡིན་སྐོར་བརྗོད་བྱུང་།
ཕྱི་ལོ་༢༠༢༡་ལོའི་ལོ་མཇུག་དང་༢༠༢༢ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་གྱི་མགོ་ལོག་དང་རྫ་ཆུ་ཁ།དེ་བཞིན་སི་ཁྲོན་རྔ་བ། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སོགས་སུ་མི་མང་རང་བཞིན་གྱི་ཚོགས་འདུ་བསྡུ་བསྐོང་གིས་རྒྱ་བསྒྱུར་སློབ་གསོ་བཙན་ཐབས་ཀྱིས་སྤྲོད་བཞིན་པའི་གནས་ཚུལ་ཐོན་པ་བཞིན། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོའི་ལོ་མཇུག་ནས་ཀོང་པོ་རྒྱ་མདའ་རྫོང་ཁུལ་དུ་རྒྱ་བསྒྱུར་སློབ་གསོའི་ཚོགས་འདུ་འདྲ་མིན་ཐེངས་༦ལ་འཚོགས་ཡོད་འདུག་ལ། ཚོགས་འདུ་དེ་དག་གི་འགན་འཁུར་མཁན་གཙོ་བོ་གྲོང་ཚོའི་ཏང་རྩ་འཛུགས་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཟེར་བ་གཉིས་བཅས་ཡིན་འདུག།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།