རྒྱ་གར་གཞུང་གིས་དགེ་འདུན་པ་ཁག་ཅིག་ལ་རྒྱ་མིའི་གསང་ཉུལ་དང་འབྲེལ་བ་བྱུང་ཡོད་མེད་འདྲི་ཞིབ་བྱེད་བཞིན་ཡོད་འདུག
ཉེ་ལམ་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་གསང་ཉུལ་བ་ལའོ་བཟང་དང་འབྲེལ་བ་ཡོད་ཚུལ་གྱི་དོགས་གཞིའི་འོག་རྒྱ་གར་ལྷོ་ཕྱོགས་གྱི་དགེ་འདུན་པ་ཁག་ཅིག་ལ་རྒྱ་གར་ཉེན་རྟོག་པས་ཞིབ་བཤེར་བྱེད་བཞིན་ཡོད་འདུག
-
2020-08-24 -
-
-
ཉེ་ལམ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྒྱ་ནག་གི་མི་སེར་གསང་ཉུལ་བ་ལའོ་བཟང་དང་འབྲེལ་བ་ཡོད་ཚུལ་གྱི་དོགས་གཞིའི་འོག་རྒྱ་གར་ལྷོ་ཕྱོགས་གྱི་དགེ་འདུན་པ་ཁག་ཅིག་ལ་རྒྱ་གར་གྱི་ཉེན་རྟོག་པས་ཞིབ་བཤེར་བྱེད་ཀྱི་ཡོད་འདུག
རྒྱ་གར་གཞུང་གིས་རྒྱ་མིའི་གསང་ཉུལ་བ་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་ལའོ་བཟང་ངམ། ཅར་ལི་པིང་ཟེར་བ་དེས་བོད་པའི་དགེ་འདུན་པ་ཁག་གཅིག་ལ་དངུལ་སྤྲད་ཡོད་ལུགས་ཐད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འབྲས་སྤུང་བློ་གསལ་གླིང་དང་། སྦེ་ལ་ཀོ་པི་སེར་སྨད་གྲྭ་ཚང་བཅས་གྲྭ་ཚང་དེ་གཉིས་ཀྱི་ནང་དེང་སྐབས་དོགས་གཞིའི་འོག་རྒྱ་གར་འབྲེལ་ཡོད་ལས་ཁུངས་ནས་ཞིབ་གཤེར་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་ཅིང་། འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་ལགས་ཀྱིས། བློ་གསལ་གླིང་གྲྭ་ཚང་གི་རེ་སྐུལ་ལྟར་རྒྱ་གར་གསང་བའི་ལས་ཁུངས་ནས་དགེ་འདུན་པའི་ཁྲོད་དུ་ཞིབ་འཇུག་གནང་པའི་སྐབས། དགེ་འདུན་པ་༡༠་ཙམ་ཞིག་གིས་རང་ཉིད་དགེ་བཤེས་གཏོང་སྒོ་སོགས་ཀྱི་ཆེད་དུ། རང་གི་ནང་མི་ཉེ་འབྲེལ་རྣམ་པས་རྒྱ་མི་དེས་གཉེར་བའི་ཤེལ་བཟོ་ཚོང་ཁང་དེ་བརྒྱུད་དངུལ་བསྐུར་བ་ལས་དེ་མིན་རྒྱ་ནག་གཞུང་གི་ལས་དོན་སྒྲུབ་རྒྱུ་སོགས་ཀྱི་ཆེད་དངུལ་ལེན་པའི་རིགས་གང་ཡང་བྱུང་མེད་སྐོར་འདི་ཚེས་༢༤་ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་ལ། དེ་མཚུངས་སེར་སྨད་གྲྭ་ཚང་ནས་ཞིབ་འཇུག་གནང་སྐབས། གྲ་ཚང་གི་ཕྱག་མཛོད་ཁང་དང་ཚོགས་སྡེ་ཁག་ལ་རྒྱ་ནག་གཞུང་གི་གསང་ཉུལ་བ་དེ་དང་འབྲེལ་བའི་དངུལ་གང་ཡང་འབྱོར་མེད་ན་ཡང་གྲྭ་ཚང་ནས་གྲྭ་མང་ལ་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ནས་གནས་ཚུལ་དེ་འབྲེལ་གྱི་འདྲི་རྩད་བྱེད་མཁན་བྱུང་ཚེ་སྦས་གསང་མེད་པར་དྲང་པོ་བཤད་དགོས་པའི་ལམ་སྟོན་གནང་བ་ལྟར་འདི་ཚེས་༢༣་ཉིན་གྲ་ཚང་གི་དགེ་འདུན་པ་བཞི་ལ་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་པས་འདྲི་རྩད་བྱས་ཡོད་པའི་སྐོར་སེར་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་བཀྲིས་ཚེ་རིང་ལགས་ཀྱིས་གསུངས་ཡོད་པ་རེད།
ཕྱི་ཟླ་༨་ཚེས་༢༣་ཉིན་བློ་གསལ་གླིང་གྲྭ་ཚང་དང་སེར་སྨད་གྲ་ཚང་སོ་སོ་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། གྲྭ་ཚང་སོ་སོའི་དགེ་འདུན་པ་རྒན་གཞོན་ཚང་མས་གཞིས་བྱེས་གཉིས་ཀྱི་བོད་མིའི་བདེ་དོན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་སྐུའི་གསང་གསུམ་གྱི་མཛད་འཕྲིན་ལ་གནོད་པའི་ལས་འགུལ་དེ་རིགས་དངོས་ཤུགས་རྒྱུད་གསུམ་ནས་སྤེལ་མཁན་བྱུང་བ་ར་སྤྲོད་བྱུང་ཚེ་གང་ཟག་དེ་ཡུལ་ཁྲིམས་དང་མཐུན་པར་རྒྱ་གར་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་གསལ་པོར་བཀོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གྲ་ཚང་གཞན་ཁག་ཅིག་ལ་རྒྱ་གར་གཞུང་གིས་འབྲེལ་ཡོད་མི་སྣས་དེ་མཚུངས་ཀྱི་འདྲི་རྩད་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག