ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་འཐུས་ཤོར་གཏོང་གི་མིན་ཟེར།
རྒྱ་གར་ཉེན་རྟོག་པས་རྒྱ་ནག་གི་མི་སེར་ཡིན་པའི་གསང་ཉུལ་བ་ཞིག་འཛིན་བཟུང་བྱས་རྗེས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་དོ་དམ་དུ་གཏོང་དགོས་པའི་རེ་འདུན་བཏོན་མཁན་མང་པོ་ཡོང་བཞིན་པ་རེད།
-
2020-08-19 -
-
-
རྒྱ་གར་ཉེན་རྟོག་པས་རྒྱ་ནག་གི་མི་སེར་ཡིན་པའི་གསང་ཉུལ་བ་ཞིག་འཛིན་བཟུང་བྱས་རྗེས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་དོ་དམ་དུ་གཏོང་དགོས་པའི་རེ་འདུན་བཏོན་མཁན་མང་པོ་ཡོང་བཞིན་པ་རེད།
ཉེ་ལམ་རྒྱ་ནག་མི་སེར་ཡིན་པའི་ལའོ་བཟང་ཟེར་བའི་མི་སྣ་ཞིག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་ལ་གསང་བའི་ཉུལ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པའི་རྗེས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཐད་དོ་དམ་དུ་གཏོང་དགོས་པ་དང་། ཚགས་ཚུད་དུ་གཏོང་དགོས་པའི་རེ་འདུན་བཏོན་མཁན་མང་པོ་ཡོད་ཅིང་། འབྲེལ་ཡོད་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Jai Ram Thakur)་མཆོག་གིས། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྱྭའི་ཐད་འཐུས་ཤོར་དང་ལྷོད་གཡེང་རིགས་རྩ་བ་ནས་གཏོང་གི་མ་རེད་ཅེས་རེས་གཟའ་མིག་དམར་ཉིན་གསུངས་ཡོད་པ་རེད།
དེ་ཡང་ཁོང་གིས་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྱྭའི་སྲུང་སྡོམ་ཞུ་རྒྱུ་ནི་མངའ་སྡེའི་གཞུང་ལ་གནད་དོན་གལ་ཆེན་པོ་ཞིག་ཡིན་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་ལས་དོན་རིམ་པ་ཁག་ལག་བསྟར་བྱེད་མུས་ཡིན་པ་དང་། དབུས་གཞུང་གིས་བཀོད་རྒྱ་གནང་བ་ཁག་དོ་ནན་པོའི་ཐོག་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་རྒྱལ་ས་ལྡི་ལི་ནས་མངའ་སྡེའི་རྒྱལ་ས་ཤིམ་ལར་ཕྱིར་ཕེབས་བྱུང་རྗེས་བརྒྱུད་ལམ་ཁག་ལ་གསུངས་ཡོད་པ་རེད།
རྩ་བའི་རྒྱ་ནག་མི་སེར་ཡིན་པའི་ལའོ་བཟང་ཟེར་བས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ལ་གསང་ཉུལ་བྱེད་ཀྱི་ཡོད་པ། རྒྱ་གར་ཁྲལ་བསྡུའི་ཞིབ་འཇུག་སྡེ་ཚན་གྱིས་གློ་བུར་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་ཤེས་རྟོགས་བྱུང་བ་ཞིག་ཡིན་པ་དང་། ད་རེས་རྒྱ་ནག་གིས་སྐྱོན་ཚང་བཏོལ་བའི་གནས་ཚུལ་དེའི་རྗེས་མངའ་སྡེ་དང་ས་གནས་ཀྱི་ཉེན་རྟོག་དང་གསང་བའི་སྡེ་ཚན་ཁག་ལ་དམིགས་བསལ་དོ་ཁུར་གསར་པ་གནང་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།
རྒྱ་གར་ས་གནས་ཧི་མ་ཅལ་གྱི་ཉེན་རྟོག་དཔོན་རིགས་མཐོ་གྲས་ཤིག་གིས་གསུངས་ན། ས་གནས་རྡ་རམ་ས་ལའི་ཉེན་རྟོག་སྐོར་སྲུང་སྤྱི་ཁྱབ་པ་(Viymut Ranjan)་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཕྱྭའི་ཉེན་སྲུང་ཐོག་སྔར་ལྷག་སྲུང་ཆ་འཐུས་ཚང་དགོས་པ་ནན་སྐུལ་གནང་ཡོད་པ་གསུངས་ཡོད་པ་རེད།